ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་མན་གྱི་སྔོན་ཆད་ཀྱི་ཙུང་ཙུང་ལི་ཁི་ཨར་སྐུ་གཤེགས་པའི་ཐད་ནས་འཇར་མན་གྱི་ཙུང་ལི་མུའུ་ཁི་ཨར་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འཇར་མན་གྱི་སྔོན་ཆད་ཀྱི་ཙུང་ལི་ཁི་ཨར་སྐུ་གཤེགས་པའི་ཐད་ནས་འཇར་མན་གྱི་ཙུང་ལི་མུའུ་ཁི་ཨར་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་སྟེ། ཀྲུང་གོ་སྲིད་གཞུང་གི་ཚབ་མཛད་པར་མ་ཟད་རང་ཉིད་ཀྱི་མིང་ཐོག་ནས་སྐུ་ཞབས་ཁི་ཨར་སྐུ་གཤེགས་པར་མྱ་ངན་ཞུས།

ལིས་ཁི་ཆང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། སྐུ་ཞབས་ཁི་ཨར་ནི་འཇར་མན་གྱི་ཕུལ་དུ་བྱུང་བའི་མགོ་ཁྲིད་པ་དང་ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་མཁན་དང་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་བ་ཡིན་པར་མ་ཟད། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་བར་གྱི་བརྗེ་རེས་དང་མཉམ་ལས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པས་ང་ཚོས་ནམ་ཡང་བརྗེད་མི་སྲིད་ཟེར།

ལིས་ཁི་ཆང་གིས་བཤད་རྒྱུར། འཇར་མན་ནི་ཀྲུང་གོས་ཡོ་རོབ་གླིང་དུ་ཁྱོན་ཡོངས་ནས་མཉམ་ལས་བྱེད་པའི་འཐབ་ཇུས་གྲོགས་པོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ཇེ་བཟང་དང་མཉམ་ལས་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ན། ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བ་འཕེལ་རྒྱས་དང་མཛའ་བཤེས་ཇེ་ཟབ་ཏུ་འགྲོ་བར་ཡིད་ཆེས་ཡོད་ཟེར།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།