ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སུའེ་ཙེར་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1121214530_14984748783671n.jpg

ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སུའེ་ཙེར་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སུའེ་ཙེར་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན་ལ་ཐུག་འཕྲད་བྱས། ཞི་ཅིན་ཕིང་གིས་ལེ་ཝུན་ཀྲུང་གོར་ཡོང་ནས་དབྱར་ཁའི་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་དགའ་བསུ་ཞུས། ཞི་ཅི་ཕིང་གིས་བསྟན་དོན། སུའེ་ཙེར་ནི་ཐོག་དང་པོར་ཀྲུང་གོ་གསར་བའི་བར་འབྲེལ་བ་བཙུགས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཞིག་ཡིན། བདེ་ཐང་དང་གཏན་འཇགས། རྒྱུན་མཐུད་བཅས་ཀྱི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ། ང་ཚོ་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་མཐུན་པར་མ་ཟད། ཀྲུང་གོ་དང་ཡོ་རོབ་གླིང་བྱང་མའི་མཉམ་ལས་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་ཡང་ཕན་པ་ཆེན་པོ་ཡོད། གནས་བབ་གསར་བའི་འོག་ཏུ་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱང་རིང་ལ་དམིགས་ཏེ་ཀྲུང་གོ་དང་སུའེ་ཙེར་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། གསར་སྐྲུན་གསར་གཏོད་ཀྱི་བསམ་ཕྱོགས་གཞིར་བཟུང་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ཕྱོགས་དང་མཉམ་དུ་མཐོ་རིམ་མགོ་ཁྲིད་བར་འགྲོ་འོང་བྱེད་པའི་གནས་བབ་བཟང་བོ་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་སྟེང་ནས་བརྗེ་རེས་དང་གྲོས་མོལ་བྱས་ནས་ཕན་ཚུན་ལ་རྒྱུས་ལོན་བྱེད་པར་ཡར་སྐུལ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་པར་བསྟོད་བསྔགས་བྱེད་བཞིན་ཡོད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་བགྲོད་ལམ་ལ་བརྩི་བཀུར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

ལེ་ཝུན་གྱིས་ཐོག་མར་དྲུག་པའི་ཚེས་བཅུ་བཞིའི་ཉིན་སི་ཁྲོན་མའོ་རྫོང་ནས་བྱུང་བའི་རི་ཉིལ་བའི་གནོད་འཚེའི་ཐད་ནས་ཀྲུང་གོའི་ཕྱོགས་ལ་ཆེད་དུ་འཚམས་འདྲི་ཞུས། ཁོས་བསྟན་དོན། རྒྱལ་ཁབ་གཉིས་བར་དུ་ཡུན་རིང་བའི་མཛའ་མཐུན་འབྲེལ་བ་ལྡན་པ་དང་སུའེ་ཙེར་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་ནུས་པ་གལ་ཆེན་ཐོན་པར་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། དཔལ་འབྱོར་ཉོ་ཚོང་དང་རིག་གནས་ལུས་རྩལ་སོགས་ཁྱབ་ཁོངས་མང་པོའི་ཁྲོད་ཀྱི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།