ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ་ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་པེ་ཅིན་ནས་ཚོགས་མགོ་བརྩམས་པ་དང་། གྲོས་གཞི་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པར་དམིགས་ནས་དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་བློ་འདོན་ཇུས་འབུལ་བྱེད་རྒྱུ་དེ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚོགས་འདུར་མགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚོགས་འདུར་ཞུགས་པ་མ་ཟད་སྙན་ཞུ་ཕུལ།

ཡུས་ཀྲིན་ཧྲིན་གྱིས་ཚོགས་འདུར་མགོ་འཛིན་བྱེད་སྐབས་བསྟན་དོན། དཔལ་འབྱོར་འཛུགས་སྐྲུན་ནི་ཏང་དང་རྒྱལ་ཁབ་ཀྱི་དཀྱིལ་སྙིང་གི་བྱ་བ་ཡིན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྤེལ་བར་འཐབ་ཇུས་ཀྱི་བསམ་བློ་བཏོན་པ་མ་ཟད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད། དཔལ་འབྱོར་གྱི་རྒྱུན་རྣམ་གསར་བའི་ཁྱད་ཆོས་ཡང་དག་པར་ཤེས་པར་བྱས་ཏེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ནས་དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་བློ་འདོན་ཇུས་འབུལ་བྱེད་པ་ནི། སྲིད་གྲོས་འདི་སྤྱི་ཚོགས་རིང་ལུགས་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ནུས་པ་འདོན་སྤེལ་དང་། སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱེད་པའི་ལག་ལེན་གལ་ཆེན་ཡིན་པས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རྣམས་ཀྱིས་གྲོས་ཚོགས་ཀྱི་གྲོས་གཞི་ལ་དམིགས་ནས་བསམ་ཚུལ་ལྷུག་པོར་བརྗོད་དེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་འཇོག་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་སྙན་ཞུ་འབུལ་སྐབས་ནན་གྱིས་བསྟན་དོན། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་ཇུས་ཆོད་དང་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་ཀྱི་འབད་བརྩོན་འོག་ཏུ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་ཐོག་མའི་ཕན་འབྲས་ཐོབ་ཡོད། ད་ལོ་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལོ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་བཅས་ལག་བསྟར་ཟབ་མོ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་བརྟན་པོར་འཛིན་པ། འདུ་ཤེས་བཞི་དངོས་སུ་ཇེ་དྲག་ཏུ་གཏོང་བ་དང་། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་ཕན་འབྲས་གསར་བ་ཐོབ་པར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།