ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་ཡིན་མེད་ཨར་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平会见德国总统施泰因迈尔 000.jpg

ཟླ་བདུན་པའི་ཚེས་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པའོ་ལིན་གྲོང་ཁྱེར་དུ་འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་ཡིན་མེད་ཨར་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕིང་གིས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་དང་འཇར་མན་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པའི་ལོ་ཡིན། ལོ་ཞེ་ལྔའི་རིང་ལ་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་རྒྱ་སྐྱེད་པ་དང་ཐུན་མོང་གི་ལྟ་ཚུལ་དང་ཐུན་མོང་གི་ཁེ་ཕན་སྔར་ལས་ཇེ་མང་དུ་བཏང་། ཉིས་སྟོང་བཅུ་བཞི་ལོར་ཀྲུང་གོ་དང་འཇར་མན་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་ཕྱོགས་གཉིས་ཀྱི་མཐོ་རིམ་མགོ་ཁྲིད་པའི་འགྲོ་འོང་ཇེ་མང་ལ་སོང་བ་དང་། དངོས་གཉེར་མཉམ་ལས་རྒྱ་སྐྱེད་ཅིང་ཁྱབ་ཁོངས་སོ་སོའི་བརྗེ་རེས་ཇེ་མང་དུ་སོང་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་སོང་ཞིང་ཆུ་ཚད་མཐོ་བ་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་དུས་སྐབས་གསར་བར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་འཇར་མན་བར་གྱི་ཁྱོན་ཡོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ཅིང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་ཐད་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧྲི་ཐེ་ཡིན་མེད་ཨར་གྱིས་བཤད་རྒྱུར། བདག་གིས་ཀྲུང་གོར་བརྩེ་སེམས་ཟབ་མོ་བཅངས་ཡོད་པ་དང་དུས་དང་རྣམ་པ་ཀུན་ཏུ་འཇར་མན་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་བརྩོན་ལེན་བྱེད་བཞིན་ཡོད། འདས་པའི་ལོ་བཅུ་ལྷག་གི་རིང་ལ། འཇར་མན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་བྱུང་བ་དང་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་དུ་གཞོགས་འདེགས་དང་མཐུན་སྦྱོར་དམ་པོ་བྱས། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་སྣེ་མང་སྤྱི་ཁོག་ནང་གི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་སྤྱིའི་ཞི་བདེ་མཉམ་སྲུང་བྱེད་པ་དང་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།