ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཕོ་ལན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕོ་ལན་དམངས་གྲོས་དཔོན་པོ་ཁུའུ་ཧི་ཆན་སི་ཅི་ཡིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་ཕོ་ལན་རྒྱལ་ཁབ་ལ་དངོས་གཞིའི་འཚམས་འདྲི་བྱས་པ་དང་། ཧྭ་ཧྲ་གྲོང་ཁྱེར་ནས་ཙུང་ཐུང་ཏུའུ་ཏ་དང་ཙུང་ལི་ཞི་ཏི་ཝོ་གཉིས་ལ་མཇལ་འཕྲད་གནང་བར་མ་ཟད། ཁུའུ་ཧི་ཆན་སི་ཅི་དང་གྲོས་ཞུགས་དཔོན་པོ་ཁ་ཆེ་ཧྥུའུ་སི་ཅི་གཉིས་དང་གྲོས་མོལ་བྱས།

ཙུང་ཐུང་ཏུའུ་ཏ་ལ་མཇལ་འཕྲད་གནང་སྐབས། ཀྲང་ཏི་ཅང་གིས་བཤད་རྒྱུར། ཀྲུང་གོ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་སྲོལ་རྒྱུན་མཛའ་བཤེས་རྒྱུན་འཛིན་བྱེད་དགོས་ལ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཀྲུང་གོ་དང་ཨེ་ཤ་ཡའི་རྒྱལ་ཁབ་བཅུ་དྲུག་བར་གྱི་མཉམ་ལས་ཀྱིས་བསྐྲུན་པའི་གོ་སྐབས་གསར་བ་དམ་འཛིན་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ས་གནས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་ཕོ་ལན་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཙུང་ལི་ཞི་ཏི་ཝོ་ལ་མཇལ་འཕྲད་གནང་སྐབས། ཀྲང་ཏི་ཅང་གིས་བཤད་རྒྱུར། ཟླ་གཉིས་ཀྱི་སྔོན་ལ། ཁྱོད་རང་ཀྲུང་གོར་ཡོང་ནས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཀྲུང་གོ་དང་ཕོ་ལན་འབྲེལ་བར་ཤུགས་སྣོན་པའི་ཐད་ལ་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བཏོན་པ་དང་ཕྱོགས་གཉིས་ཀྱིས་ཧུར་ཐག་སྒོས་དེ་དངོས་འབེབས་བྱས་ནས་གྲུབ་འབྲས་བཟང་བོ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཕོ་ལན་དང་བཅས་པའི་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

དམངས་གྲོས་དཔོན་པོ་ཁུའུ་ཧི་ཆན་སི་ཅི་དང་གྲོས་ཞུགས་དཔོན་པོ་ཁ་ཆེ་ཧྥུའུ་སི་ཅི་གཉིས་དང་གྲོས་མོལ་བྱེད་སྐབས། ཀྲང་ཏི་ཅང་གིས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་མཉམ་ལས་ལ་ཤུགས་སྣོན་པར་གྲོས་གཞི་གསུམ་བཏོན། གཅིག ཕྱོགས་གཉིས་ཀྱི་མཛའ་མཐུན་འགྲོ་འོང་སྲུང་འཛིན་བྱེད་པ་དང་། ཕན་ཚུན་ལ་བཟོད་སྒོམ་བྱེད་པ་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་བཟོད་སྒོམ་དང་རྒྱབ་སྐྱོར་བྱེད་དགོས། གཉིས། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་རྒྱལ་སྐྱོང་སྲིད་འཛིན་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱིས་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས། གསུམ། རིག་གནས་དང་སློབ་གསོ། གནས་སྐོར་སོགས་མི་གཞུང་ཁྱབ་ཁོངས་ཀྱི་མཛའ་མཐུན་འགྲོ་འོང་ལ་སྐུལ་འདེད་གཏོང་བ་དང་ས་གནས་བར་གྱི་མཉམ་ལས་ལ་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་སྤྱི་ཚོགས་དང་དམངས་དོན་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་བཅས་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།