ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྐྱེ་དངོས་རིག་པའི་ཚོགས་ཆེན་སྐབས་བཅུ་དགུ་བ་ཚོགས་མགོ་བརྩམས་པར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས་པ་དང་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ཉེར་བཞི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་སྐྱེ་དངོས་རིག་པའི་ཚོགས་ཆེན་སྐབས་བཅུ་དགུ་བར་འཕྲིན་ཡིག་བསྐུར་ཏེ། ཚོགས་ཆེན་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཚོགས་ཆེན་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་ཆེད་མཁས་པ་དང་ཤེས་ཡོན་ཅན་རྣམས་ལ་ལྷག་བསམ་རྣམ་དག་སྒོས་དགའ་བསུ་བྱས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བཤད་རྒྱུར། ཀྲུང་གོས་ཆུ་འབྲས་གསོ་འདེབས་དང་སྐྱེ་དངོས་ལག་རྩལ་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་ཆེན་པོ་བླངས་ཡོད། ཀྲུང་གོས་མུ་མཐུད་དུ་གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་ཧུར་ཐག་སྒོས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་། སྐྱེ་དངོས་ཚན་རིག་ཞིབ་འཇུག་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་རྒྱ་ཆེར་སྤེལ་བར་མ་ཟད། རྒྱལ་ཁབ་སོ་སོ་དང་མཉམ་དུ་མིའི་རིགས་ཀྱི་ཐུན་མོང་གི་སའི་གོ་ལའི་ཁྱིམ་གཞི་ལ་སྲུང་སྐྱོབ་བྱེད་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་སྤྱིའི་སྐྱེ་དངོས་རིག་པའི་ཚོགས་ཆེན་གྱིས་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་ཚན་རིག་འཕེལ་རྒྱས་ཕྱོགས་སུ་ནུས་པ་གལ་ཆེན་འདོན་ངེས་ཡིན། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་ལྗང་མདོག་གིས་མ་འོངས་པ་གསར་གཏོད་བྱེད་པ་དེ་ཡིན་པས། སྐབས་འདིའི་ཚོགས་ཆེན་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་ཆེད་མཁས་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་བརྗེ་རེས་དང་གྲོས་མོལ་ལ་ཤུགས་བསྣན་ནས། མིའི་རིགས་ཀྱིས་སྐྱེ་དངོས་ལ་ཡིད་འཇོག་བྱེད་པ་དང་མ་འོངས་པར་ཡིད་འཇོག་བྱེད་པ་དར་སྤེལ་བྱེད་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས་ཟེར། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། རྒྱལ་སྤྱིའི་སྐྱེ་དངོས་རིག་པའི་ཚོགས་ཆེན་ནི་རྒྱལ་སྤྱིའི་སྐྱེ་དངོས་ཚན་རིག་ལས་རིགས་ཀྱི་ཆུ་ཚད་ཆེས་མཐོ་བའི་རིགས་གཞུང་གྲོས་ཚོགས་ཤིག་ཡིན་པས། འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་ཚན་རིག་འཕེལ་རྒྱས་ཕྱོགས་སུ་ནུས་པ་གལ་ཆེན་འདོན་ངེས་ཡིན། ཐེངས་འདིའི་ཚོགས་ཆེན་སྐབས་བཅུ་དགུ་བ་ཧྲིན་ཀྲིན་གྲོང་ཁྱེར་ནས་ཚོགས་པ་དེ་ཀྲུང་གོའི་སྐྱེ་དངོས་ཚན་རིགས་ལས་རིགས་ཀྱིས་འཛམ་གླིང་ཡོངས་དང་བརྗེ་རེས་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་སྐྱེ་དངོས་ཚན་རིག་ཞིབ་འཇུག་ཆུ་ཚད་ཇེ་མཐོར་འགྲོ་བར་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་སྲིད་གཞུང་གིས་གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་བ་བརྟན་པོར་བཙུགས་པ་དང་། གྲོན་ཆུང་ཐོན་ཁུངས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་དུ་བཞག་པ་དང་། སྐྱེ་དངོས་ཚན་རིག་ཞིབ་འཇུག་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པར་ཡིད་འཇོག་བྱས་ནས། འབྲེལ་ཡོད་ཁྱབ་ཁོངས་སུ་གྲུབ་འབྲས་ཆེན་པོ་བླངས། ཚོགས་ཆེན་གྱིས་ལྗང་མདོག་གིས་མ་འོངས་པ་གསར་སྐྲུན་བྱེད་པ་བརྗོན་དོན་གཙོ་བོ་ཡིན་པར་དམིགས་ཏེ། བརྗེ་རེས་ལ་ཤུགས་བསྣན་ནས་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱས་ཏེ། སྐྱེ་དངོས་ཚན་རིག་འཕེལ་རྒྱས་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་དང་ལྗང་མདོག་དཔལ་ཡོན་འཛམ་གླིང་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།

རྒྱལ་སྤྱིའི་སྐྱེ་དངོས་རིག་པའི་ཚོགས་ཆེན་སྐབས་བཅུ་དགུ་བ་ཚེས་ཉེར་བཞི་ཉིན་ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲིན་གྲོང་ཁྱེར་དུ་ཚོགས་མགོ་བརྩམས་པ་དང་། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་དང་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་སྒྲོག་འདོན་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།