ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་བྱས་ཏེ་གཏམ་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧེ་ནས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། མིག་སྔའི་དཔལ་འབྱོར་གནས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་ཐད་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་འགན་ཁུར་མི་སྣ། ཏང་ཁག་གང་ལའང་མི་གཏོགས་པའི་འཐུས་ཚབ་པ་བཅས་ཀྱི་བསམ་འཆར་དང་གྲོས་འདོན་ལ་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཡུས་ཀྲིན་ཧྲིན། ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་འདུར་ཞུགས། ལིས་ཁི་ཆང་གིས་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་བྱས་ཏེ་ཀྲུང་གུང་ཀྲུང་དབྱང་གི་ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་སྐོར་གྱི་བསམ་ཕྱོགས་མཚམས་སྦྱོར་བྱས།

ཚོགས་ཐོག་ནས་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝན་ཨིག་ཞང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲིན་ཞོ་ཀོང་། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲིན་ཁྲང་ཀྲི། ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཡན་ཅོན་ཆི། ཞིང་བཟོ་ཏང་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ལིག་ཞོ་ཧྥུན། ཀྲི་གུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧན་ཆི་ཏི། ཐེ་ཝན་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་ལིན་ཝུན་དབྱི། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་གྱི་ཀྲུའུ་ཞི་ཝང་ཆིན་མེན། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་ཚབ་པ་ལིན་དབྱི་ཧྥུའུ་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་། ཁོ་ཚོས་ཀྲུང་གུང་ཀྲུང་དབྱང་གི་མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་གནས་བབ་ཀྱི་དབྱེ་ཞིབ་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་བསམ་ཕྱོགས་ལ་བསྟོད་བསྔགས་གནང་བར་མ་ཟད། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་སྔོན་འགོག་དང་མེད་པར་བཟོ་བ། ནོར་སྲིད་དངུལ་ལོར་གྱི་ཉེན་ཁར་སྔོན་འགོག ཚོང་རའི་སྒོ་འབྱེད་ནུས་ཤུགས་ཆེར་གཏོང་དང་ཚོང་གཉེར་དཔལ་འབྱོར་ཇེ་ལེགས་སུ་གཏོང་བར་ཤུགས་སྣོན་པ། གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་ཕན་འབྲས་འདོན་སྤེལ་བྱེད་པ། དངོས་ཟོང་སྐྱེལ་འདྲེན་གྱི་ནུས་ཤུགས་མཐོར་འདེགས་སུ་གཏོང་བ། ཕན་འབྲས་ལྡན་པའི་སྒོ་ནས་མི་ཤུགས་ཐོན་ཁུངས་འདོན་སྤྲོད་བྱེད་པ། སྨན་བཅོས་ཉེན་སྲུང་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། ཚན་རྩལ་གསར་སྐྲུན་གྱི་སྔོན་སྐྱོད་ནུས་སྟོབས་སྒྲིག་འཛུགས་བྱེད་པ། ནུས་ཁུངས་གསར་བ་དང་རྒྱུན་མཐུད་འཕེལ་རྒྱས་སོགས་ནང་དོན་གྱི་སྐོར་ལ་བསམ་འཆར་དང་གྲོས་གཞི་བཏོན།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་གྱིས་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོས་བཤད་རྒྱུར། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་ལོ་གཙོ་བོ་ཞིག་ཡིན་ལ། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ཀྲུང་གུང་ཀྲུང་དབྱང་གིས་དུས་དཔགས་བབ་བསྟུན་དང་ཚན་རིག་གི་ཐབས་ཇུས། དོན་འཁྱོལ་དམ་འཛིན་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་ལས་འགན་སྣ་ཚོགས་དོན་འཁྱོལ་ལག་བསྟར་བྱེད་དགོས། ཚང་མའི་གཏམ་བཤད་ཁྲོད་ནས་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཡང་དག་པའི་སྒོ་ནས་མིག་སྔའི་དཔལ་འབྱོར་གནས་བབ་ལ་ངོས་ཟིན་གང་ལེགས་བྱུང་ཡོད་པ་དང་། ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་ཐད་ལ་དམིགས་གཏད་རང་བཞིན་དང་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་གང་ལེགས་བཏོན་པས། ང་ཚོས་ནན་ཏན་གྱིས་ཞིབ་འཇུག་དང་ཧུར་བརྩོན་གྱིས་དང་ལེན་བྱ་ངེས་ཡིན་ཟེར།

མཱ་ཁའེ་དང་ཝང་ཧུའུ་ཉིན། ལིག་ཡན་ཏུང་། སུན་ཁྲོན་ལན། ལིས་ཀྲན་ཧྲུའུ། དབྱང་ཅིན། ཝང་ཡོུ་། ཀྲིག་ཞོ་ཁྲོན་བཅས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་བཞུགས་མོལ་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།