ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་ཕྱོགས་སྟོན་ཁག་བཞི་བཏོན་ནས་གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བའི་གསོ་སྦྱོང་ཚད་ལྡན་དུ་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བའི་འཇོན་ཐང་དང་བྱང་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་ཆེད་སློབ་གསོ་པུས་ཚེས་3ཉིན་ཕྱོགས་སྟོན་ཁག་བཞི་ཡོངས་བསྒྲགས་བྱས་ནས་གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བའི་གསོ་སྦྱོང་གི་དམིགས་ཚད་ལས་འགན་དང་། ལག་བསྟར་བརྒྱུད་རིམ། འགན་འཁྲི་ཁག་བགོས་སོགས་ཚད་ལྡན་དུ་བཏང་བ་རེད།

སློབ་གསོ་པུའི་དགེ་རྒན་ལས་དོན་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་རིམ་ཁག་སྲིད་གཞུང་གིས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་འགན་འཁུར་བ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བའི་སློབ་གཉེར་སློབ་སྐྱོང་གི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། འོན་ཀྱང་མིག་སྔར་གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བའི་གསོ་སྦྱོང་གི་འཆར་འགོད་ལ་མཐོང་ཆེན་དང་ལག་ལེན་ལ་སྣང་ཆུང་། སྣ་གཅིག་ལ་མཐོང་ཆེན་དང་ཕྱོགས་བསྡུས་ལ་སྣང་ཆུང་། ཚོགས་རར་མཐོང་ཆེན་དང་ས་ཆ་དངོས་སུ་སྣང་ཆུང་། དུས་ཐུང་ལ་མཐོང་ཆེན་དང་ཡུན་རིང་ལ་སྣང་ཆུང་སོགས་བྱེད་པའི་གནད་དོན་སྔར་བཞིན་གནས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་བཏོན་པའི་《གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བའི“དུས་མཚམས་གསུམ་རྣམ་པའི”གསོ་སྦྱོང་ཕྱོགས་སྟོན་》གྱི་དམིགས་ཡུལ་ནི“གཅིག་སྡུད་གསོ་སྦྱོང་དང་། གནས་སྦྱར་གསོ་སྦྱོང་། ལས་གནས་སུ་ལོག་ནས་ལག་ལེན”བཅས་ཟུང་འབྲེལ་གྱི་དུས་མཚམས་གསུམ་རྣམ་པའི་སྒོ་ནས་རིམ་འཕར་དང་གོ་རིམ་ལྡན་ལ་བར་བརྒལ་མཉམ་འདྲེས་རྣམ་པའི་གསོ་སྦྱོང་བྱ་རྒྱུ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ལག་ལེན་གྱི་མྱོང་རོལ། བསམ་གཞིག་ལེགས་བཅོས་བཅས་ཕྱོགས་གསུམ་ཟུང་འབྲེལ་ནུས་ལྡན་བྱས་ཏེ་གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བའི་ཆེད་ལས་བྱང་ཚད་དང་དོན་དངོས་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་རེད།

 《གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བ་“སློབ་གྲྭར་གསོ་སྦྱོང”བྱེད་པའི་བརྟག་དཔྱད་རྣམ་པའི་གསོ་སྦྱོང་ཕྱོགས་སྟོན་》གྱིས་གསོ་སྦྱོང་ཚོགས་པ་གྲོང་གསེབ་ཀྱི་སློབ་གྲྭར་དངོས་སུ་ཟབ་སྐྱོད་བྱེད་པར་སྐུལ་མ་ནུས་ལྡན་བཏང་ནས་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་ཏེ་གྲོང་གསེབ་ཀྱི་སློབ་གྲྭ་འཕེལ་རྒྱས་ཐད་ཀྱི་གོ་སྐབས་དང་གནས་པའི་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ་རེད། སློབ་གྲྭའི་འགོ་ཁྲིད་ཚན་ཁག་དང་། འབྲིང་རིམ་ལས་བྱེད་པ་དང་དེ་བཞིན་དགེ་རྒན་ཡོངས་དང་གྲོས་བསྡུར་བྱེད་སྐབས་དགེ་མཚན་ལྡན་པའི་བསམ་འཆར་བཏོན་པ་དང་འབྲེལ་སློབ་གྲྭར་ལེགས་བཅོས་ཇུས་གཞི་བཟོ་བ་དང་ལག་ལེན་བསྟར་རྒྱུར་མཛུབ་ཁྲིད་ཀྱང་བྱས་ཏེ་གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བའི་སློབ་གྲྭར་བརྟག་དཔྱད་དང་ལེགས་བཅོས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་རེད།

 《གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བའི་ལས་དོན་ཁང་གི་ཞིབ་འཇུག་ཟབ་སྦྱོང་ཕྱོགས་སྟོན་》གྱིས་ས་གནས་ཀྱི་ཕུལ་བྱུང་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བ་ཁང་བདག་ཏུ་བྱེད་པ་དང་། གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བ་འགའ་ཞིག་ཁོངས་མིར་བྱེད་པའི་གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བའི་ལས་དོན་ཁང་སྐྲུན་གང་ཐུབ་བྱས་ནས“གཅིག་རོགས་གཅིག”དང“གཅིག་གིས་མང་པོར་རོགས་རམ”བྱེད་པའི“མཉམ་དུ་སློབ་སྦྱོང་དང་། འཕེལ་རྒྱས་དོན་གཉེར། ཐུན་མོང་ཐོག་འཚར་ལོངས”བཅས་ཀྱི་སློབ་སྦྱོང་གི་ཐུན་མོང་ཚོགས་པ་ཞིག་ཆགས་པར་བྱ་རྒྱུ་དང་། རྐང་འཛིན་པས་ལས་བཟོ་ཡོངས་ལ་ཁྲིད་སྟོན་བྱེད་པའི་རྒྱུན་རྣམ་ཅན་གྱི་ཞིབ་འཇུག་ཟབ་སྦྱོང་རྣམ་པ་ཞིག་ཆགས་པར་བྱ་རྒྱུ་རེད། 《གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བ་གསོ་སྦྱོང་ཚོགས་པའི་ཞིབ་འཇུག་ཟབ་སྦྱོང་ཕྱོགས་སྟོན་》གྱིས་བྱང་ཚད་ལེགས་པ་དང་། གྲུབ་ཆ་ལུགས་མཐུན། འཐབ་ནུས་ཤུགས་ཆེ་བ་བཅས་ཀྱི་གྲོང་གསེབ་ཀྱི་སློབ་གྲྭ་དང་བུ་བཅོལ་ཁང་གི་འགན་འཁུར་བ་གསོ་སྦྱོང་ཚོགས་པ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།

སློབ་གསོ་པུས་ས་ཁུལ་ཁག་གིས་ཕྱོགས་སྟོན་ལག་ལེན་བསྟར་ཚུལ་དེ་སློབ་གསོ་སྲིད་འཛིན་སྡེ་ཚན་དང་། འབྲེལ་ཡོད་མཐོ་རིམ་སློབ་གླིང་། གསོ་སྦྱོང་སྒྲིག་གཞི་བཅས་ཀྱི་གསོ་སྦྱོང་ལས་ཀའི་དཔྱད་ཞིབ་ནང་དོན་དུ་བཅུག་ནས་སློབ་གསོ་པུས་དུས་ཚོད་འོས་འཚམ་ཐོག་ཕྱོགས་སྟོན་ལག་བསྟར་གྱི་གནས་ཚུལ་ཐད་ཞིབ་བཤེར་བྱ་རྒྱུའི་བླང་བྱ་བཏོན་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།