སུན་ཁྲུན་ལན་གྱིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཡན་ལག་ཚོགས་པ་གསུམ་པ་ཁྲིད་དེ་ཝུའུ་ཧེ་དང་ཨ་ལ་ཧྲན། ཞི་ལིན་གོ་ལི་བཅས་ལ་སོང་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་དགུ་ནས་ཚེས་བཅུ་གཅིག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཚོགས་གཙོ་སུན་ཁྲུན་ལན་གྱིས་ཀྲུང་དབྱང་འཐུས་ཚབ་ཚོགས་པའི་ཡན་ལག་ཚོགས་པ་གསུམ་པ་ཁྲིད་དེ་སྔ་གཞུག་ཏུ་ནང་སོག་རང་སྐྱོང་ལྗོངས་ཀྱི་ཝུའུ་ཧེ་གྲོང་ཁྱེར་དང་ཨ་ལ་ཧྲན་མིན། ཞི་ལིན་གོ་ལི་མིན་བཅས་ལ་སོང་ནས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས།

སུན་ཁྲུན་ལན་ཁེ་ལས་སུ་སོང་ནས། ཁོ་ཚོས་ཡུལ་བབ་གྱི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། གསར་སྐྲུན་ལ་བརྟེན་ནས་ཐོན་ལས་རིམ་འཕར་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱེད་པའི་སྒྲུབ་སྟབས་དེར་ཁས་ལེན་གང་ལེགས་བྱས། ཁོ་མོ་སྨན་ཁང་དང་སློབ་གྲྭར་སོང་ནས། སྨན་བཅོས་དང་སློབ་གསོའི་བྱ་བ་སྒྲུབ་མཁན་གྱིས་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་ཀྱི་ཆེད་དུ་བྱས་རྗེས་བཞག་པར་བཀའ་དྲིན་ཞུས། ཁོ་མོས་འབྲོག་པ་ཀྲང་ཧོས་ཧྲིན་དང་པ་པ་ཐི་ཨར་ལ་འཚམས་འདྲི་བྱས་ཏེ། ཁོ་ཚོའི་ཡང་སྒོའི་གནས་ཚུལ་དང་དཀའ་ངལ་ལ་རྒྱུས་ལོན་བྱས། སུན་ཁྲུན་ལན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་གི་རིགས་སོ་སོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ཁྱེད་ཚོའི་འཚོ་བ་ཇེ་བཟང་དུ་སོང་ན་ཏང་ཀྲུང་དབྱང་གི་སེམས་བདེ་ལ་བབས་པ་ཡིན་ཟེར། སུན་ཁྲུན་ལན་ད་དུང་ཡན་ཧྥུའུ་དགོན་པར་སོང་ནས། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་འཚམས་འདྲི་ཞུས་པ་དང་། ཁོ་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་གོམས་སྲོལ་བཟང་པོ་དར་སྤེལ་གཏོང་བ་དང་། ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་མཐུན་པ་ཡོང་བར་ཁྲིད་སྟོན་གང་ལེགས་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།