ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ལ་ཁ་པར་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཉིས་ཉིན་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་ཟླ་སྔོན་མར་འཇར་མན་གྱི་ཧན་པའོ་ནས་ཐུག་འཕྲད་ཧ་ཅང་བཟང་པོ་བྱས། ང་ཚོ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་ཡིན་པའི་ཆ་ནས། ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བརྗེ་རེས་ཟབ་མོ་བྱེད་པ་དེ་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་གལ་ཆེ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ང་དང་སྐུ་ཞབས་ཙུང་ཐུང་གཉིས་བར་བྱུང་བའི་ཐུན་མོང་གི་ལྟ་བ་ལྟར། གྲོས་མོལ་དང་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོ་ནས་བརྗེ་རེས་མཉམ་ལས་བྱེད་པ། ཕ་རོལ་བས་སེམས་ཁུར་བྱེད་པའི་གནད་དོན་འོས་འཚམ་སྒོས་ཐག་གཅོད་པ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བདེ་ཐང་དང་བརྟན་འཇགས་ཀྱིས་གོང་འཕེལ་དུ་གཏོང་དགོས། ཀྲུང་གོས་སྐུ་ཞབས་ཙུང་ཐུང་གིས་ལོ་འདིའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་བྱ་བའི་ཚོགས་ཁག་གིས་མཉམ་དུ་འབད་བརྩོན་བྱས་ཏེ་གྲ་སྒྲིག་བྱ་བ་བཟང་པོར་བསྒྲུབ་དགོས་ཟེར།

ཐི་ལང་ཕུའུ་ཡིས་བསྟན་དོན། ཧན་པའོ་ཐུག་འཕྲད་ཀྱི་རྗེས་སུ་ཡང་བསྐྱར་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཁ་པར་གཏོང་ཐུབ་པར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་རྒྱུ་དེ་ཧ་ཅང་གལ་ཆེ། དེང་སྐབས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་བཟང་པོ་འབྱུང་བཞིན་ཡོད་ལ། འབྲེལ་བ་དེ་སྔར་ལས་ཀྱང་གོང་འཕེལ་འབྱུང་ཐུབ་པར་ང་ལ་ཡིད་ཆེས་ཡོད། ངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་དེང་སྐབས་ཀྱི་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ནས་བསམ་ཚུལ་བརྗེ་རེས་བྱས། ཞི་ཅིན་ཕིང་གིས་ནན་གྱིས་བསྣཏ་དོན། ཀྲུང་གོ་དང་ཨ་མེ་རི་ཁར་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་བྱེད་པ་དང་། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཕྱོགས་ནས་ཐུན་མོང་གི་ཁེ་ཕན་ཡོད། དེང་སྐབས་འབྲེལ་ཡོད་ཕྱོགས་ཀྱི་རང་ཚོད་བཟུང་ནས་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཛ་དྲག་ཏུ་གཏོང་བའི་གཏམ་སྤྱོད་ལ་གཟབ་དགོས། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་བྱེད་དགོས་ཚེ། མཐར་གཏུགས་ན་གྲོས་མོལ་བྱེད་པ་དང་ཆབ་སྲིད་ཀྱིས་ཐག་གཅོད་པའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་ཕན་ཚུན་ལ་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་ཨ་མེ་རི་ཁའི་བར་དུ་འབྲེལ་འདྲིས་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་འོས་འཚམ་གྱིས་ཐག་གཅོད་པར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཐི་ལང་ཕུའུ་ཡིས་ཀྲུང་གོའི་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐད་བཏོན་པའི་ནུས་པར་རྒྱུས་ལོན་གང་ལེགས་བྱེད་བཞིན་ཡོད་ལ། ཨ་མེ་རི་ཁས་མུ་མཐུད་དུ་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་ཀྲུང་གོའི་བར་དུ་འབྲེལ་འདྲིས་ཟབ་མོ་བྱེད་འདོད་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།