ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ལན་བསྐུར་ཏེ་ཀྲུང་གོའི་མཉམ་འབྲེལ་དྲ་སྣོན་སློབ་གྲྭ་ཆེན་མོ་བའི་གསར་གཏོད་ལས་སྐྲུན་འགྲན་སྡུར་སྐབས་གསུམ་པར་ཞུགས་པའི་སློབ་གྲྭ་ཆེན་མོ་བ་རྣམས་ལ་སྐུལ་མ་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅོ་ལྔ་ཉིན་ཀྲུང་གོའི་མཉམ་འབྲེལ་དྲ་སྣོན་གྱི་སློབ་གྲྭ་ཆེན་མོ་བའི་གསར་གཏོད་ལས་སྐྲུན་འགྲན་སྡུར་སྐབས་གསུམ་པར་ཞུགས་པའི་སློབ་གྲྭ་ཆེན་མོ་བ་རྣམས་ལ་འཕྲིན་ལན་བསྐུར། ཁོས་འཕྲིན་ལན་ནང་དུ་བསྟན་དོན། རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོ་བ་ས་ཡ་གཅིག་དང་འབུམ་ལྔ་སྐབས་འདིའི་འགྲན་སྡུར་ལ་ཞུགས་པ་དང་། དེའི་ནང་སློབ་གྲྭ་ཆེན་མོ་བའི་གསར་གཏོད་ལས་སྐྲུན་རུ་ཁག་བརྒྱ་ཕྲག་ལྷག་ཡན་ཨན་དུ་བསྐྱོད་པ་དང་གསར་བརྗེའི་གནས་རྙིང་ལ་ཞབས་འདེགས་ཞུ་བའི་བྱ་འགུལ་ཁྲོད་ཞུགས་ནས། གནས་རྙིང་མི་དམངས་དབུལ་ཐར་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་རོགས་རམ་བྱས་ཏེ། གྲུབ་འབྲས་བཟང་པོ་བླངས་པ་ཐོབ་པས་ང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཡན་ཨན་ནི་གསར་བརྗེའི་གནས་མཆོག་ཡིན་ལ། ཁྱོད་ཚོ་ཡན་ཨན་དུ་སོང་ནས། གསར་བརྗེའི་སྔོན་རབས་པའི་རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ཞབས་རྗེས་བཙལ་ཏེ། ཡན་ཨན་སྙིང་སྟོབས་ལ་སློབ་སྦྱོང་བྱས་པ་དང་། བསམ་བློའི་ཡིད་རྟོན་སྲ་བརྟན་དུ་བཏང་སྟེ། ལང་ཚོའི་ཕུགས་བསམ་དེ་རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་དང་འདྲེས་པར་བྱས་པ་དེས་དེང་རབས་ཀྲུང་གོའི་ན་གཞོན་གྱི་ཉམས་པ་མེད་པའི་སྙིང་སྟོབས་མཚོན་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པ་བཅས་ལ་སྤྱོད་ཡོན་གཉིས་ལྡན་གྱི་འཇོན་མི་འབོར་ཆེན་གྱི་འབད་བརྩོན་མཁོ། ད་ལྟ་ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་ལྡན་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ཐག་ཉེ། མེས་རྒྱལ་གྱི་ན་གཞོན་རབས་ལ་ཕུགས་བསམ་ཡོད་པ་དང་འཚོལ་སྙེག་ཡོད་ལ། ཁག་ཁུར་ཡོད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ཉམས་པ་མེད་པའི་ལང་ཚོའི་སྟོབས་ཤུགས་ཡོད་པ་ཡིན། ཁྱོད་ཚོས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མི་དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། གསར་གཏོད་ལས་སྐྲུན་ཁྲོད་དུ་བློ་གྲོས་དང་ནུས་པ་ཇེ་ཆེར་གཏོང་བ་དང་། དཀའ་སྤྱད་འབད་འཐབ་ཁྲོད་དུ་སྙིང་སྟོབས་ལ་སྦྱོང་བརྡར་བྱས་ཏེ། མི་དམངས་དུང་ཕྱུར་འགས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རླབས་ཆེན་འབད་འཐབ་བྱེད་པའི་ཁྲོད་དུ་མི་ཚེའི་རིན་ཐང་མངོན་འགྱུར་བྱས་ནས། ལང་ཚོར་བརྟེན་ཏེ་དུས་རབས་ལ་ངོ་གནོང་མི་དགོས་པ་དང་ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་ལོ་རྒྱུས་གསར་བ་འབྲི་རྒྱུ་ནི་རེ་བ་ཡིན་ཟེར།

ད་ལོའི་ཟླ་བཞི་པ་དང་ཟླ་བདུན་པར། སློབ་གསོ་པུའུ་ཡིས་ཀྲུང་གོའི་མཉམ་འབྲེལ་དྲ་སྣོན་སློབ་གྲྭ་ཆེན་མོ་བའི་གསར་གཏོད་ལས་སྐྲུན་འགྲན་སྡུར་ཆེན་མོའི་སྟེགས་བུ་བརྒྱུད་དེ། ན་གཞོན་གྱི་དམར་པོའི་ཕུགས་འདུན་སྐྲུན་པའི་འགྲུལ་བཞུད་ཅེས་པའི་ལག་ལེན་བྱ་འགུལ་སྤེལ། འགྲན་སྡུར་ལ་ཞུགས་པའི་རུ་ཁག་སྐོར་གཉིས་ཡན་ཨན་ལ་སོང་ནས། སློབ་གྲྭ་ཆེན་མོ་བའི་གསར་གཏོད་ལས་སྐྲུན་ལས་གཞི་དེ་གསར་བརྗེའི་གནས་རྙིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་སྦྲེལ་བ་བརྒྱུད་དེ་གནད་ཕིགས་དབུལ་སྐྱོར་དབུལ་ཐར་ལ་རོགས་རམ་བྱས། ལག་ལེན་བྱ་འགུལ་མཇུག་རྫོགས་རྗེས། རུ་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ་ཁོ་ཚོའི་གྲུབ་འབྲས་དང་མྱོང་ཚོར་ཡར་ཞུ་བྱས་པ་དང་། ཞི་ཅིན་ཕིང་གི་ན་གཞོན་དུས་སྐབས་དང་འདྲ་བར། མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་རང་གི་ཡིད་རྟོན་དང་ཕུགས་བསམ་ལེགས་སྐྱེས་སུ་ཕུལ་ནས། རང་གི་གསར་གཏོད་ལས་སྐྲུན་དེ་རླབས་ཆེ་བའི་ཀྲུང་གོའི་ཕུགས་འདུན་ཁྲོད་འདྲེས་པར་བྱས་ཏེ། ལང་ཚོ་དང་ཕུགས་བསམ་གྱིས་དད་མོས་དང་འབད་འཐབ་གླུ་རུ་ལེན་རྒྱུ་ཡིན་ཞེས་བསྟན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།