ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཧྥུའུ་ཏི་སོགས་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཧྥུའུ་ཏི་སོགས་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བདུན་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཧྥུའུ་ཏི་སོགས་ལ་ཐུག་འཕྲད་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་ནི་ས་ཁུལ་དང་འཛམ་གླིང་སྟེང་ཤན་ཤུགས་ཆེན་པོ་ལྡན་པའི་རྒྱལ་ཁབ་ཆེན་པོ་དང་། འཛམ་གླིང་གི་དཔལ་འབྱོར་ཚོགས་པ་ཆེས་ཆེན་པོ་གཉིས་ཡིན་པའི་ཆ་ནས། འཛམ་གླིང་གི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་གོ་ལ་ཧྲིལ་པོའི་དར་རྒྱས་གོང་འཕེལ་ལ་ཡར་སྐུལ་གཏོང་བའི་ཕྱོགས་ནས་ལས་འགན་གལ་ཆེན་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་དམ་འཛིན་བཟང་པོ་བྱེད་པ་ནི། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉི་གའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་འབྲེལ་ཡོད་པ་མ་ཟད། རྒྱལ་སྤྱིའི་འཐབ་ཇུས་ཀྱི་ཁྱོན་ཡོངས་ལ་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད། ང་དང་ཙུང་ཐུང་ཐི་ལང་ཕུའུ་གཉི་གས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། གཉི་གས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་འདོད་ཡོད། ཨ་མེ་རི་ཁ་གོང་འཕེལ་བཟང་པོ་བྱུང་ན་ཀྲུང་གོར་ཕན་པ་ཡོད་པ་དང་། ཀྲུང་གོ་གོང་འཕེལ་བཟང་པོ་བྱུང་ན་ཨ་མེ་རི་ཁར་ཡང་ཕན་པ་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཚམས་ལ་རེར་བར་ཆད་དང་བཀག་རྒྱ་ཐེབས་ནའང་། ཕྱོགས་གཉིས་ཀྱིས་ལྷག་བསམ་རྣམ་དག་གིས་འབྲེལ་འདྲིས་བྱས་ཏེ་འགལ་བ་འོས་འཚམ་སྒོས་ཐག་བཅད་ནས། སྔར་ལས་མཛེས་སྡུག་གི་མ་འོངས་པ་ཞིག་མཉམ་དུ་སྐྲུན་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་དམག་དཔུང་གི་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སུ་འགྲོ་བའི་རྒྱུ་ཆ་གལ་ཆེན་དུ་འགྱུར་འོས། ཉེ་བའི་ལོ་འགའི་རིང་ལ། དམག་དཔུང་གཉིས་ཀྱིས་རིམ་པ་སོ་སོའི་འགྲོ་འོང་གྲོས་མོལ་ལ་ཤུགས་སྣོན་པ་དང་། དམག་དོན་ཡིད་ཆེས་རྐྱེན་སྲོལ་འཛུགས་པར་སྐུལ་འདེད་གཏོང་བ། དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་པ་སོགས་ཕྱོགས་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་བླངས་ཡོད། ཐེངས་འདིར་ད་དུང་ཀྲུང་གོ་དང་ཨ་མེ་རི་ཁའི་དམག་དཔུང་གཉིས་ཀྱི་མཉམ་འབྲེལ་ཇུས་འདོན་ཁང་གི་གྲོས་མོལ་རྐྱེན་སྲོལ་གྱི་སྒྲོམ་གཞིའི་ཡིག་ཆ་བཀོད་ཡོད། དེ་དག་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ། ཕྱོགས་གཉིས་ཀྱིས་ད་ལྟའི་མཉམ་ལས་རྐྱེན་སྲོལ་དང་སྟེགས་བུ་བཀོལ་སྤྱོད་བཟང་པོ་བྱས་ཏེ་དམག་དཔུང་གཉིས་ཀྱི་འབྲེལ་བར་དྲང་ཕྱོགས་ཀྱི་ནུས་ཚད་གསོག་དགོས། ང་ཚོས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་བརྩི་བཀུར་དང་མཉམ་ལས་དམ་པོས་གྲུབ་འབྲས་སྔར་ལས་མང་པོ་བླངས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ཟེར།

ཏིན་ཧྥུའུ་ཏི་ཡིས་ཞི་ཅིན་ཕིང་གིས་ཁོར་ཐུག་འཕྲད་བྱས་པར་བཀའ་དྲིན་ཞུས་པ་དང་། ཙུང་ཐུང་ཐི་ལང་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་བྱས་པ་བརྒྱུད་སྒྲོག་བྱས། ཁོས་བཤད་རྒྱུར། ཙུང་ཐུང་ཐི་ལང་ཕུའུ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱི་ནུས་ལྡན་སྣེ་ཁྲིད་འོག་ཏུ། དམག་དཔུང་གཉིས་ཀྱི་འབྲེལ་བ་གོང་འཕེལ་ཆེན་པོ་བྱུང་། ཨ་མེ་རི་ཁ་ཕྱོགས་དམག་དོན་ཁྱབ་ཁོངས་ནས་ཀྲུང་གོར་ལྷག་བསམ་རྣམ་དག་གིས་གྲོས་མོལ་བྱས་ཏེ། བརྗེ་རེས་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཆེར་བཏང་ནས། ཨ་མེ་རི་ཁ་དང་ཀྲུང་གོའི་དམག་དཔུང་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ཏིན་ཧྥུའུ་ཏི་བརྒྱུད་དེ་ཙུང་ཐུང་ཐི་ལང་ཕུའུ་ལ་འཚམས་འདྲི་ཞུས་པ་མ་ཟད། ཙུང་ཐུང་ཐི་ལང་ཕུའུ་ད་ལོར་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།