ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡིས་རྒྱ་གར་ཕྱོགས་ཀྱིས་དྲག་པོའི་བྱ་སྤྱོད་སྤེལ་ནས་ཀྲུང་གོ་ཕྱོགས་ཀྱི་མི་སྣར་རྨས་སྐྱོན་བཟོས་པར་ཡི་ཤིན་ཏུ་མི་རངས་པ་བསྟན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ8ཚེས21ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བརྗོད་པ་ཧྭ་ཁྲུན་ཡིང་གིས་ཚེས15ཉིན་རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་དུམ་བུ་ནུབ་མར་དྲག་པོའི་བྱ་སྤྱོད་སྤེལ་ནས་ཀྲུང་གོ་ཕྱོགས་ཀྱི་མི་སྣར་རྨས་སྐྱོན་བཟོས་པ་ར་སྤྲོད་བྱས་ནས་ཀྲུང་གོ་ཕྱོགས་ཀྱིས་ཡི་ཤིན་ཏུ་མི་རངས་པ་བསྟན་པ་རེད།

འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་རྒྱ་གར་སྲིད་གཞུང་གིས་གཟའ་འཁོར་སྔོན་མར། ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་དུམ་བུ་ནུབ་མ་མཚོ་མོ་ངང་ལྷ་རིང་པོའི་ས་ཁུལ་ཉེ་འདབས་སུ་ཀྲུང་གོ་དང་རྒྱ་གར་གྱི་དམག་མི་གདོང་ཐུག་པའི་དོན་རྐྱེན་བྱུང་བ་མ་ཟད། བརྙན་རིས་ལས་ཕྱོགས་གཉིས་ཀས་སྐབས་དེར་ཕན་ཚུན་འབུད་རྒྱག་བཏང་བ་དང་ཕན་ཚུན་རྡོ་རྒྱག་རེས་བྱས་པ་མངོན་པའི་དོགས་གཞི་ཡོད་ཅེས་བཤད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་འདིའི་སྐོར་ལ་དཔྱད་གཏམ་ཅི་ཞིག་བརྗོད་རྒྱུ་ཡོད་དམ་ཞེས་དྲིས་པ་རེད།

ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་རྩད་ཞིབ་བྱས་པར། ཟླ8ཚེས15ཉིན། ཀྲུང་གོའི་མཐའ་སྲུང་དཔུང་སྡེ་ཡིས་ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་དུམ་བུ་ནུབ་མ་མཚོ་མོ་ངང་ལྷ་རིང་པོའི་ས་ཁུལ་གྱི་དངོས་བཟུང་ས་ཐིག་ཀྲུང་གོ་ཕྱོགས་ཀྱི་གཞོགས་སུ་རྒྱུན་ལྡན་གྱི་སྐོར་ཞིབ་བྱེད་སྐབས་རྒྱ་གར་གྱི་མཐའ་སྲུང་དཔུང་སྡེས་བཀག་འགོག་བྱས་པ་རེད། སྐབས་དེར་རྒྱ་གར་ཕྱོགས་ཀྱིས་དྲག་པོའི་བྱ་སྤྱོད་སྤེལ་ནས་ཀྲུང་གོ་ཕྱོགས་ཀྱི་མི་སྣར་རྡུང་ཁ་བརྒྱབ་པ་མ་ཟད། ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་འབུད་རྒྱག་ཀྱང་བཏང་ནས་ཀྲུང་གོ་ཕྱོགས་ཀྱི་མི་སྣར་རྨས་སྐྱོན་བཟོས་པ་རེད་ཅེས་བརྗོད་པ་རེད།

ཧྭ་ཁྲུན་དབྱང་གིས་རྒྱ་གར་ཕྱོགས་ཀྱི་བྱེད་སྟངས་འདི་ཡིས་ཕྱོགས་གཉིས་ཀའི་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་འབྲེལ་ཡོད་ངོས་འཛིན་གཅིག་མཐུན་བྱུང་བ་ལས་འགལ་ཡོད་ལ། ཀྲུང་གོ་དང་རྒྱ་གར་བར་གྱི་མཐའ་མཚམས་ཀྱི་དུམ་བུ་ནུབ་མའི་རྒྱུད་ཀྱི་གནས་བབ་ལ་ཉེན་ཁ་བཟོས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དོན་འདི་ལ་ཡི་ཤིན་ཏུ་མི་རངས་པ་མ་ཟད། མཐའ་མཚམས་དང་འབྲེལ་བའི་ཐབས་ལམ་བརྒྱུད་ནས་རྒྱ་གར་ཕྱོགས་ལ་སྐད་ཆ་དྲང་ནན་ཐོག་ནས་འབྲེལ་བའང་བྱས་ཡོད་ཅེས་བསྟན་པ་རེད།

ཧྭ་ཁྲུན་ཡིང་གིས་ཀྲུང་གོ་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་བཞག་པའི་འབྲེལ་ཡོད་གྲོས་མཐུན་གྲོས་ཆོད་ཀྱི་གཏན་འབེབས་དམ་སྲུང་དང་། 1959ལོའི་དངོས་བཟུང་ས་ཐིག་ལ་བརྩི་སྲུང་ཏན་ཏིག་བྱས་ནས་རྒྱ་གར་གྱི་མཐའ་སྲུང་དཔུང་སྡེའི་བྱ་སྤྱོད་ལ་འཆུན་འདོམས་ནན་པོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ཏན་ཏིག་བྱ་དགོས་པའི་སྐུལ་འདེབས་གཏོང་གི་ཡིན་ཞེས་བརྗོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།