ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་བྱས་ཏེ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་རྒྱུན་མཐུད་ངང་དཔལ་འབྱོར་སྒྲིག་གཞི་ཚུལ་སྒྱུར་རིམ་སྤོར་སྤེལ་དགོས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་བྱས་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་བ་དང་རྒྱུན་མཐུད་ངང་དཔལ་འབྱོར་སྒྲིག་གཞི་ཚུལ་སྒྱུར་རིམ་སྤོར་ཡར་ལྡན་དུ་སྤེལ་དགོས་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ནས་འབྲེལ་ཡོད་བྱ་བར་ཞིབ་འཇུག་བཀོད་སྒྲིག་ནན་མོ་མཛད།

ལིས་ཁི་ཆང་གིས་བཤད་རྒྱུར། བཟོ་སྐྲུན་ལས་རིགས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། ཀྲུང་གོའི་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་བྱེད་རྒྱུ་དང་རྣམ་པ་གསར་བའི་བཟོ་ལས་ཅན་མངོན་དུ་འགྱུར་བར་ཆེས་གནད་འགག་ཏུ་གྱུར་བ་ནི། བཟོ་སྐྲུན་ལས་རིགས་མཐོར་འདེགས་གཏོང་རྒྱུ་ཡིན་པ་དང་། དེ་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱ་བའི་ནང་དོན་གཙོ་བོ་ཡང་ཡིན། ནན་ཏན་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྟོབས་ལྡན་རྒྱལ་ཁབ་བཟོ་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། འཕེལ་རྒྱས་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་དགོས་ཤིང་། གསར་གཏོས་སྒུལ་སྤེལ་ལག་བསྟར་བྱས་ཏེ། ཀྲུང་གོའི་བཟོ་སྐྲུན་ལས་རིགས་དེ་ཉིས་སྟོང་ཉེར་ལྔ་ལོའི་བར་དུ། བཟོ་སྐྲུན་ལས་རིགས་ཀྱི་རིམ་པ་སྤོར་བ་དང་སྒུལ་ནུས་གསར་རྙིང་བརྗེ་རེས་བྱེད་པ། དཔལ་འབྱོར་སྐས་རིམ་མཐོན་པོ་ཞིག་ཏུ་སླེབས་པར་བྱེད་པ་བཅས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་བཤད་རྒྱུར། བཟོ་སྐྲུན་ལས་རིགས་ཀྱི་རིམ་སྤོར་མཐོར་འདེགས་གཏོང་རྒྱུ་དེ་གསར་གཏོད་འཕེལ་རྒྱས་ལ་བརྟེན་དགོས། དངོས་པོའི་རིགས་དང་སྤུས་ཚད། མིང་གྲགས་ཐོན་རྫས་སོགས་ཀྱི་མཁྲེགས་གཏོར་ལས་རིམ་ལ་ཤུགས་བཏོན་ནས། གནད་འགག་གི་ལག་རྩལ་ཐོད་བརྒལ་འབྱུང་དུ་བཅུག་ནས། ཀྲུང་གོས་བཟོས་པའི་མིང་གྲགས་ཐོན་རྫས་ཁྱད་འཕགས་ཅན་བསྐྲུན་དགོས། དོ་དམ་ལམ་ལུགས་ཀྱི་གསར་གཏོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། བཟོ་ལས་སྦྲེལ་མཐུད་དྲ་རྒྱ་སོགས་ལ་བརྟེན་ཏེ། གསར་གཏོད་དང་ལས་སྐྲུན་དང་ཁེ་ལས་ཆུང་འབྲིང་མཉམ་དུ་གོང་འཕེལ་བཏང་བ་བརྒྱུད། ཐོན་སྐྱེད་ཉོ་ཚོང་གི་རྣམ་པ་གསར་སྒྱུར་བྱེད་པར་ཞིབ་འཇུག་བྱས་ནས། ཁྲོམ་ར་དང་མི་སྒེར་གྱི་འདོད་མོས་ལྟར་ཐོན་སྐྱེད་སྣ་མང་ཅན་བསྐྲུན་དགོས་ཟེར།

མཱ་ཁའེ་དང་དབྱང་ཅུན། ཝང་ཡུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།