ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མགོ་འཛིན་བྱས་ནས་ཀྲུང་དབྱང་གི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་སོ་བརྒྱད་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཧྲུའུ་ཅི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་གི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕིང་གིས་ཟླ་བརྒྱད་པའི་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་མགོ་འཛིན་བྱས་ནས་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་སོ་བརྒྱད་པ་བསྡུས་པར་མ་ཟད་གཏམ་བཤད་གལ་ཆེན་གནང་། ཁོས་ནན་གྱིས་བསྟན་དོན། བཅོས་བསྒྱུར་ནི་ང་ཚོས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་ལྡན་པའི་རླབས་ཆེན་འཐབ་རྩོད་བྱེད་པའི་ཕྱོགས་གལ་ཆེན་ཡིན་པས། བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་ན། ངེས་པར་དུ་ཏང་གི་བཅོས་བསྒྱུར་ཐད་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ངེས་པར་དུ་གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་བཅོས་བསྒྱུར་དམ་འཛིན་བྱེད་པ། ངེས་པར་དུ་བཅོས་བསྒྱུར་གྱི་ཆོས་ཉིད་ཐད་ཀྱི་རྒྱུས་ལོན་དང་བཀོལ་སྤྱོད་གཏིང་ཟབ་ཏུ་གཏོང་དགོས། མུ་མཐུད་དུ་བཅོས་བསྒྱུར་གྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། འགོ་ཚུགས་ས་སྔར་ལས་མཐོན་པོའི་སྟེང་འགྲེང་ནས་འཆར་འགོད་དང་བཅོས་བསྒྱུར་བྱེད་པ། བཅོས་བསྒྱུར་གྱི་གཏན་ཤུགས་ཇེ་བརྟན་དུ་གཏོང་བ། བཅོས་བསྒྱུར་གྱི་སྤོབས་པ་ཆེར་བསྐྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་བཅོས་བསྒྱུར་གྱི་ཉམས་མྱོང་གསར་བ་སྤྱི་སྡོམ་དང་བཀོལ་སྤྱོད་བྱེད་པ། མུ་མཐུད་དུ་འབད་འཐབ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་བཅོས་བསྒྱུར་མཐིལ་རྟོགས་པར་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཁི་ཆང་དང་ལིག་ཡུན་ཧྲན་གཉིས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་གཙོ་གཞི་རྩོལ་ནུས་ཁུལ་གྱི་འཐབ་ཇུས་དང་ལམ་ལུགས་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གྲོས་གཞི་འགའ་དང་ཞིང་ལས་མ་དངུལ་གཅིག་གྱུར་མཉམ་བསྲེས་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཚོལ་ཞིབ་བྱེད་པའི་སྐོར་གྱི་གྲོས་གཞི། སྐྱེ་ཁམས་ཁོར་ཡུག་གཏོར་བརླག་ཚབ་འཇལ་ལམ་ལུགས་བཅོས་བསྒྱུར་ཇུས་གཞི། སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་གྲོས་གཞི། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་པོ་ཚད་ལྡན་ཅན་དང་ཆེད་ལས་ཅན། ལས་རིགས་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས་ཁྲིམས་འཛིན་འགན་འཁྲི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་གྲོས་གཞི། ཧྲང་ཧེ་གྲོང་ཁྱེར་གྱིས་ཁྲིམས་འཛིན་སྒྲིག་གཞི་ཕྱོགས་བསྡུས་ཆ་སྡེབས་བཅོས་བསྒྱུར་ཚོད་ལྟ་སྤེལ་བའི་སྐོར་གྱི་སྒྲོམ་གཞིའི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚོགས་ཐོག་ནས་དབུལ་ཐར་མཁྲེགས་གཏོར་འགན་འཁྲི་ལམ་ལུགས་ལག་བསྟར་བྱེད་ཐབས་དངོས་འབེབས་བྱེད་པའི་གནས་ཚུལ་སྐོར་གྱི་ལྟ་ཞིབ་སྙན་ཞུ་དང་ཉིན་ཞ་ཧོས་རིགས་རང་སྐྱོང་ལྗོངས་ཀྱིས་བར་སྟོང་འཆར་འགོད་ཚོད་ལྟའི་བྱ་བ་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་ཞིབ་བྱས།

ཚོགས་ཐོག་ནས་བསྟན་དོན། གཙོ་གཞི་རྩོལ་ནུས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འཐབ་ཇུས་ཆེན་པོ་ཡིན་ལ། གཙོ་གཞི་རྩོལ་ནུས་ཁུལ་གྱི་འཐབ་ཇུས་དང་ལམ་ལུགས་འཐུས་ཚང་དུ་གཏོང་ན། གཙོ་གཞི་རྩོལ་ནུས་ཁུལ་དེ་རྒྱལ་ཁོངས་བར་སྟོང་གསར་སྤེལ་དང་སྲུང་སྐྱོབ་བྱེད་པའི་རྨང་གཞི་ལམ་ལུགས་ཡིན་པའི་ཐད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། གཙོ་གཞི་རྩོལ་ནུས་ཁུལ་གྱི་འཐབ་ཇུས་དེ་གྲོང་ཁྱེར་དང་རྫོང་ནས་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་གཏོང་བ། གཙོ་གཞི་རྩོལ་ནུས་ཁུལ་སོ་སོ་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ། མྱུར་དུ་སྒྲིག་གཞི་བཅོས་བསྒྱུར་དང་ཁྲིམས་སྐྱོང་འཛུགས་སྐྲུན་བྱས་ནས། རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བར་སྟོང་འཕེལ་རྒྱས་མ་དཔེ་གསར་གཏོད་བྱེད་པའི་ཐད་ཀྱི་རྨང་གཞི་བརྟན་པོ་འདིངས་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཞིང་ལས་ཐད་ཀྱི་མ་དངུལ་གཅིག་གྱུར་མཉམ་བསྲེས་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཚོལ་ཞིབ་བྱེད་རྒྱུ་ནི། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་སྤེལ་བའི་ལམ་བུ་གལ་ཆེན་ཡིན་པས། ནོར་སྲིད་ཀྱིས་ཞིང་ལས་ཐད་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་། ནོར་སྲིད་ཀྱིས་ཞིང་ལས་ཐད་རྒྱབ་སྐྱོར་བྱེད་པའི་དངུལ་གཏོང་མཁོ་འདོན་ལེགས་བསྒྱུར་བྱེད་པ། ལས་རིགས་ནང་ཁུལ་གྱི་མ་དངུལ་མཉམ་བསྲེས་དང་ལས་རིགས་བར་གྱི་མ་དངུལ་གཅིག་གྱུར་སྦྲེལ་མཐུད་བྱེད་པ། ཞིང་ལས་མ་དངུལ་ཐད་ཀྱི་དོ་དམ་མ་ལག་ལུགས་མཐུན་དུ་བསྒྱུར་བ། ཞིང་ལས་མ་དངུལ་ཐད་ཀྱི་བཀོལ་སྤྱོད་དོ་དམ་རྐྱེན་སྲོལ་གསར་གཏོད་བྱེད་པ། ཞིང་སྡེའི་དངུལ་གཏོང་དངུལ་བསྲེས་སྒྲིག་གཞི་ལ་བཅོས་བསྒྱུར་བྱེད་པ་དང་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་ཞིང་ལས་ཐད་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ཕན་འབྲས་དང་མ་དངུལ་བཀོལ་སྤྱོད་ཐད་ཀྱི་ཕན་འབྲས་ཇེ་མཐོར་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་ཁྱབ་ཁོངས་ནས་སྐྱེ་ཁམས་ཁོར་ཡུག་གཏོར་བརླག་ཚབ་འཇལ་ལམ་ལུགས་ཚོད་ལྟ་བྱེད་རྒྱུ་ནི། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། སྔོན་འགྲོའི་ཚོད་ལྟའི་བྱ་བར་སྤྱི་སྡོམ་བྱེད་པའི་རྨང་གཞིའི་སྟེང་། སྐྱེ་ཁམས་ཁོར་ཡུག་གཏོར་བརླག་ཚལ་འཇལ་ཁྱབ་ཁོངས་དང་འགན་འཁྲི་གཙོ་བོ། གཏོར་བརླག་ཚབ་འཇལ་ཐག་གཅོད་བྱེད་ཐབས་སོགས་གཏན་ཁེལ་གསལ་བོ་བྱེད་པ་དང་། འོས་འཚམ་གྱི་གདེང་འཇོག་དོ་དམ་དང་ལག་རྩལ་མ་ལག མ་དངུལ་འགན་སྲུང་། འཁོར་རྒྱུག་རྐྱེན་སྲོལ་གྲུབ་པར་བྱས་ནས། སྐྱེ་ཁམས་ཁོར་ཡུག་གཏོར་བརླག་བྱས་པར་སླར་གསོ་དང་ཚབ་འཇལ་བྱེད་པའི་ལམ་ལུགས་འཛུགས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མྱུར་དུ་སྤེལ་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་འཛུགས་པ་ནི། གཞི་རིམ་དམངས་གཙོ་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་འཚོལ་ཞིབ་རང་བཞིན་གྱི་ལག་ལེན་ཡིན་ལ། མགོ་ཁུངས་ནས་སྡེ་དམངས་ཀྱི་ཉེ་འགྲམ་གྱི་དར་སྲོལ་མི་ལེགས་པ་དང་རུལ་སུངས་གནད་དོན་བཀག་འགོག་བྱེད་པ་དང་། ཞིང་སྡེའི་འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་ནས་ནུས་པ་གལ་ཆེན་ལྡན་པས། ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་། ལམ་ལུགས་ཇུས་འགོད་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་གྱི་གཙོ་གཞི་དང་ནང་དོན། དབང་ཆ། རྒྱུད་རིམ་སྔར་ལས་ཚད་ལྡན་དུ་གཏོང་བ། སྡེ་བའི་ཏང་རྩ་འཛུགས་མགོ་ཁྲིད་ཀྱི་སྡེ་དམངས་རང་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྡེ་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་དང་སྡེ་བའི་ཐུན་མོང་གི་ཁེ་ཕན་ལ་འགན་སྲུང་བྱས་ཏེ། ཞིང་སྡེའི་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གིས་གཅིག་གྱུར་བཀོད་འདོམས་བྱེད་པ་དང་། ཞིང་ཆེན་གྱིས་གཙོ་འགན་ཁུར་བ། གྲོང་ཁྱེར་དང་རྫོང་གིས་ལག་བསྟར་བྱེད་པ། མཉམ་དུ་མཁྲེགས་གཏོར་བྱེད་པའི་དབུལ་ཐར་མཁྲེགས་གཏོར་འགན་འཁྲིའི་ལམ་ལུགས་འཛུགས་རྒྱུའི་རེ་བ་བཏོན་པའི་ཚུན་ནས། འབྲེལ་ཡོད་ས་གནས་ཀྱིས་མྱུར་དུ་རིམ་པ་རེ་རེ་བཞིན་དབུལ་ཐར་མཁྲེགས་གཏོར་གྱི་འགན་འཁྲི་ཡི་གེ་འབྲི་བ་དང་། དམིགས་འབེན་ལས་འགན་དང་བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། བྱ་བའི་ལས་འགན་སྣ་ཚོགས་ལག་བསྟར་བྱས་པས། གྲུབ་འབྲས་བཟང་བོ་བླངས། གོ་རིམ་རྗེས་མར། རྙེད་པའི་གནད་དོན་ལ་ཁ་གཏད་དེ་འབྲེལ་ཡོད་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། མགོ་ཁྲིད་ཀྱི་འགན་འཁྲི་ལམ་ལུགས་ཇེ་དྲག་ཏུ་གཏོང་བ། གནད་ཕིགས་དབྱེ་འབྱེད་ཀྱི་རོགས་སྐྱོར་རྐྱེན་སྲོལ་གསར་གཏོད་བྱེད་པ། དབུལ་སྐྱོར་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་ཚང་དུ་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་འགན་འཁྲིའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལོ་ལྔ་ནི། བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱས་ནས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། དཀའ་སྤྱད་འབད་འཐབ་བྱེད་པའི་ལོ་ལྔ་ཡིན་ལ། བཅོས་བསྒྱུར་གཅིག་བསྡུས་སྒོས་སྤེལ་བ་དང་། ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། གྲུབ་འབྲས་མངོན་གསལ་ཡིན་པ། ཉམས་མྱོང་བསྡུ་གསོག་བྱེད་པའི་ལོ་ལྔ་ཡང་ཡིན། ཏང་ཀྲུང་དབྱང་གི་མགོ་ཁྲིད་ཡང་དག་འོག རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་བཅོས་བསྒྱུར་ཁྲོད་ཞུགས་པ་དང་། བཅོས་བསྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱེད་པའི་མཉམ་ཤུགས་གཅིག་ཏུ་བསྡུ་བ། འབད་འཐབ་ལྷོད་མེད་བྱས་ནས། བཅོས་བསྒྱུར་གྱི་ལེའུ་གསར་བ་བྲིས་པ་དང་། བཅོས་བསྒྱུར་དེ་ཀྲུང་གོ་གུང་ཁྲན་ཏང་གི་དར་ཆ་མངོན་གསལ་དང་དེང་རབས་ཀྲུང་གོའི་དུས་རབས་ཀྱི་ཁྱད་ཆོས་སུ་གྱུར་ཡོད་ཟེར།

ཀྲུང་དབྱང་གི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།