ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐུ་ལང་ཕུའུ་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་ཐུ་ལང་ཕུའུ་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བཤད་རྒྱུར། དེང་སྐབས་ཀྲུང་གོ་དང་ཨ་མེ་རི་ཁས་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་མུ་མཐུད་ནས་ཇེ་མང་དུ་གཏོང་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བདེ་འཇགས་ཚོགས་པ་དང་དཔལ་འབྱོར་ཚོགས་པས་འབྲེལ་འདྲིས་དམ་པོ་བྱེད་བཞིན་ཡོད་པ་དང་ཕྱོགས་གཉིས་ཀྱིས་སྐོར་ཐེངས་དང་པོའི་ཀྲུང་གོ་དང་ཨ་མེ་རི་ཁའི་སྤྱི་ཚོགས་དང་མི་གཞུང་གྲོས་མོལ་དང་ཁྲིམས་སྐྱོང་དང་དྲ་རྒྱའི་བདེ་འཇགས་གྲོས་མོལ་ལ་གྲ་སྒྲིག་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྐུ་ཞབས་ཙུང་ཐུང་ལགས་ཀྱིས་ད་ལོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་ཚོགས་པས་མཉམ་དུ་འབད་བརྩོན་བྱས་ཏེ་འཚམས་འདྲི་བདེ་བླག་ཡོང་བར་འགན་སྲུང་བྱེད་དགོས་ཟེར།

ཐུ་ལང་ཕུའུ་ཡིས་བཤད་རྒྱུར། བདག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་འདྲིས་བྱས་ཏེ་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་མཐུན་སྦྱོར་བཟང་བོ་བྱེད་རྒྱུ་ཧ་ཅང་གལ་ཆེ། བདག་གིས་ད་ལོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་མ་ཟད་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཡང་བསྐྱར་ཐུག་འཕྲད་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་དེང་སྐབས་ཀྱི་ཁྲའོ་ཞན་ཕྱེད་གླིང་གནས་བབ་ཐད་ནས་ལྟ་ཚུལ་བརྗེ་རེས་བྱས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་འགྲོ་བ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་པ་དང་། རྒྱལ་སྤྱིའི་སྟེང་དུ་ཉིང་རྡུལ་མཚོན་ཆ་ཁྱབ་གདལ་དུ་མི་འགྲོ་བའི་མ་ལག་སྲུང་སྐྱོབ་བྱེད་ངེས་ཡིན་ཟེར།

ཐུ་ལང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་པའི་བྱེད་ཐབས་སྔ་མོ་ནས་བཙལ་འདོད་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།