ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་རྒྱལ་སྤྱིའི་ཞིབ་དཔྱོད་དཔོན་པོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་ཉེར་གཉིས་པ་དང་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཚོགས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་སྤྱིའི་ཞིབ་དཔྱོད་དཔོན་པོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་ཉེར་གཉིས་པ་དང་ཚོགས་མིའི་འཐུས་མིའི་ཚོགས་ཆེན་པེ་ཅིན་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་ལོ་ཚོགས་ཚོགས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བཤད་རྒྱུར། ཞིབ་དཔྱོད་དཔོན་པོ་ནི་སྤྱི་ཐུན་ཁེ་ཕན་གྱི་འཐུས་མི་ཡིན་པའི་ཆ་ནས་འགན་འཁྲི་གལ་ཆེན་ཕྲག་ཏུ་བབས་ཡོད། སྐབས་འདིའི་རྒྱལ་སྤྱིའི་ཞིབ་དཔྱོད་དཔོན་པོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་ཚོགས་ཀྱིས་སྤྱི་ཕན་ཞབས་ཕྱི་ཐད་ཀྱི་ཞིབ་དཔྱོད་བརྗོད་དོན་གཙོ་བོ་བྱེད་པ་དང་། བདེ་འཇགས་དང་དྲག་བཞག འཆམ་མཐུན་བཅས་ཀྱི་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་དམིགས་ཏེ། ཞིབ་དཔྱོད་དཔོན་པོས་སྤྱི་ཕན་སྲུང་སྐྱོབ་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་པ་དང་དེ་རྒྱལ་ཁབ་སོ་སོའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཞིབ་དཔྱོད་དཔོན་པོས་སྤྱི་ཕན་སྲུང་སྐྱོབ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་ཉམས་མྱོང་མི་ཉུང་བ་ཞིག་བསགས། རྒྱལ་ཁབ་སོ་སོའི་ཞིབ་དཔྱོད་དཔོན་པོས་སྐབས་འདིའི་གྲོས་ཚོགས་གོ་སྐབས་སུ་བཟུང་སྟེ། སྤྱི་ཕན་སྲུང་སྐྱོབ་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ལག་བསྟར་བྱས་པའི་ཉམས་མྱོང་མཉམ་སྤྱོད་བྱེད་དགོས་པ་དང་། ཁྲིམས་འཛིན་མཉམ་ལས་བརྗེ་རེས་ཟབ་སྤེལ་བྱས་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་ལས་དོན་གོང་འཕེལ་དུ་གཏོང་བའི་ཐད་ལ་མཉམ་དུ་བྱས་རྗེས་འཇོག་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།