ལིས་ཁི་ཆང་དང་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོས་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱས། ཀྲུང་གོའི་དཔལ་འབྱོར་སྐོར་གླེང་སྐབས་ལིས་ཁི་ཆང་གིས་བཤད་རྒྱུར། ད་ལོའི་ལོ་སྟོད་ལ་ཀྲུང་གོའི་དཔལ་འབྱོར་བརྒྱ་ཆའི་དྲུག་དང་གྲངས་ཆུ་དགུ་འཕར་བ་དང་ལོ་སྨད་ལ་མུ་མཐུད་དུ་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་བའི་འཕེལ་ཕྱོགས་སྲུང་འཛིན་བྱེད་སྲིད། ང་ཚོར་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཆུ་ཚད་མཐོ་བའི་སྒོ་ནས་མདུན་སྐྱོད་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཚོགས་འདུར་ཞུགས་པའི་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱི་འགན་འཁུར་བས་ཀྲུང་གོས་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས། ཁོ་ཚོས་བཤད་རྒྱུར། ཀྲུང་གོའི་དཔལ་འབྱོར་འཕར་སྣོན་དང་ཚུལ་སྒྱུར་རིམ་འཕར་གྱི་གནས་བབ་ལེགས་ཤིང་འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། དེ་ཕན་འབྲས་ལྡན་པའི་ཆེ་ཕྱོགས་སྲིད་ཇུས་དང་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་བྱེད་ཐབས་ལ་བརྟེན་ནས་བྱུང་བ་དང་། དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་ཐོབ་པ་དང་ཚོང་གཉེར་ཁོར་ཡུག་སྔས་ལས་ལེགས་བཅོས་བྱས་པའི་མཇུག་འབྲས་ཡིན་པར་མ་ཟད། འཛམ་གླིང་དཔལ་འབྱོར་བསྐྱར་དར་དང་འཕར་སྣོན་འབྱུང་བའི་རྣམ་པ་སྲུང་འཛིན་བྱེད་པར་སྟོབས་དང་ལྡན་པའི་འདེགས་ཤུགས་འདོན་སྤྲོད་བྱས་པ་དང་རྒྱལ་ཁབ་གཞན་དག་ལ་དཔྱད་གཞིར་འཛིན་ཆོག་པའི་འཕེལ་རྒྱས་ཉམས་མྱོང་འདོན་སྤྲོད་བྱས། རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱེད་པར་ཤུགས་བསྣན་ཏེ། འཛམ་གླིང་དཔལ་འབྱོར་རྒྱུན་མཐུད་དང་དོ་མཉམ། བཟོད་སྒོམ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།