ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་བཅད་ལྟར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ལ་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མེས་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བཤད་རྒྱུར། ངས་དབུ་བཞུགས་བློན་ཆེན་དང་རྒྱལ་ཁབ་ཉི་ཤུ་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཧན་པའོ་མཐོ་རིམ་གྲོས་ཚོགས་ཀྱི་སྐབས་སུ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་བར་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་དུས་རབས་ཉེར་གཅིག་པར་ཁ་ཕྱོགས་པའི་འཛམ་གླིང་ཡོངས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དུས་རབས་བཟང་བོ་གསར་སྐྲུན་བྱེད་དགོས་པར་གཅིག་གྱུར་སྒོས་འཐད་པ་བྱུང་། ད་ལོ་ནི་ཀྲུང་གོ་དང་དབྱིན་ཇི་བར་གཞུང་ཚབ་ཆེན་མོ་རིམ་པའི་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་འཁོར་ཞེ་ལྔ་ལོན་པ་ཡིན། ཕྱོགས་གཉིས་ཀྱིས་མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་སྒྲིག་གཞི་རང་བཞིན་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་དགོས་ལ། ཀྲུང་གོ་དང་དབྱིན་ཇིའི་དཔལ་འབྱོར་ཉོ་ཚོང་དང་མི་གཞུང་བརྗེ་རེས་མཉམ་ལས་ཀྱི་གནས་བབ་བཟང་བོ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྤྱི་ཁོག་ནང་གི་འཕེལ་རྒྱས་འཐབ་ཇུས་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་དགོས་པར་མ་ཟད། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་མཐུན་སྦྱོར་ལ་གཙིགས་འཛིན་བྱེད་དགོས་ཟེར།

ཐི་ལོས་ཧྲ་མེས་ཀྱིས་བཤད་རྒྱུར། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དུས་རབས་བཟང་བོ་གསར་སྐྲུན་བྱེད་པའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། འཐབ་ཇུས་གྲོས་མོལ་བཟང་བོ་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་བདེ་འཇགས། མི་གཞུང་བཅས་ཁྱབ་ཁོངས་ཀྱི་གྲོགས་པོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཡོ་རོབ་གླིང་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཐད་ལ་ལྟ་ཚུལ་བརྗེ་རེས་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།