ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་རྒན་རྒོན་ཁྲི700ལྷག་ཙམ་རྒན་རྒོན་སློབ་ཆེན་འགྲིམ་བཞིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། རྒན་རྒོན་སྔར་བས་མང་པོ་ཞིག་དཔེ་ཁུག་འཁུར་ནས་རྒན་རྒོན་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་འགྲོ་བཞིན་ཡོད། སློབ་གསོ་པུས་ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞིར་གཞིགས་ན། མིག་སྔར་རྒན་རྒོན་ཁྲི700ལྷག་ཙམ་རྒན་རྒོན་སློབ་ཆེན་སོགས་སྒྲིག་གཞིར་སློབ་སྦྱོང་ལ་སྐྱོད་པ་དང་མང་ཚོགས་མི་ཐེངས་ཁྲི4560ལྷག་ཙམ་སློབ་སྦྱོང་བྱེད་སྒོ་སྣ་ཚོགས་ལ་ཞུགས་ཀྱི་ཡོད།

བར་གསེང་བྱུང་རིམ་བཞིན་བསམ་པའི་རིག་གནས་འཚོ་བ་སྣ་ཚོགས་ལ་རོལ་ནས་ཚེ་སྲོག་གི་རིན་ཐང་ཆེ་རུ་གཏོང་རྒྱུ་དེ་རྒན་རྒོན་སྔར་བས་མང་པོ་ཞིག་གི་བློ་ཁ་ཕྱོགས་སར་འགྱུར་བཞིན་ཡོད། “རྒན་རྒོན་གྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་རྒན་རྒོན་ལ་དགའ་གཅེས་བྱེད་ཤུགས་ཆེ་རུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ནི་རྒན་རྒོན་གྱི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དེ་རེད” རྒྱལ་ཡོངས་ན་རྒས་ལས་དོན་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཡུས་ཧྲའོ་ཡིས་སྐབས་གསུམ་པའི་ཀྲུང་གོ་སྤྱི་ཚོགས་རྒན་གསོ་གསར་གཏོད་འཕེལ་རྒྱས་གླེང་སྟེགས་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི་《རྒན་རྒོན་སློབ་གསོ་འཕེལ་རྒྱས་ཀྱི་འཆར་གཞི(2016ལོ་ནས2020ལོ་བར)》ལ་གཞིགས་ན2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་ལ་རྩ་དོན་ཐོག་ནས་ཉུང་མཐར་ཡང་རྒན་རྒོན་སློབ་ཆེན་གཅིག་ཡོད་དགོས་པ་དང་། ཤང་དང་གྲོང་རྡལ་(སྲང་ལམ)50%རུ་རྒན་རྒོན་སློབ་གྲྭ་འཛུགས་དགོས་པ། སྲིད་འཛིན་གྲོང་ཚོ་(ཨུ་ཡོན་ལྷན་ཁང)30%རུ་རྒན་རྒོན་སློབ་སྦྱོང་ས་ཚིགས་འཛུགས་དགོས་པ། རྣམ་པ་མི་འདྲ་བའི་སྒོ་ནས་སློབ་གསོའི་བྱེད་སྒོའི་ནང་རྒྱུན་དུ་ཞུགས་མཁན་གྱི་རྒན་རྒོན་མི་སྣས་རྒན་རྒོན་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད20%ཡན་ཟིན་དགོས་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

 འཛམ་གླིང་ཐོག་ན་རྒས་སུ་འགྱུར་ཚད་ཆེས་མཐོ་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པའི་རང་རྒྱལ་དུ2016ལོའི་ལོ་མཇུག་བར་ལོ60ཡན་སླེབས་པའི་རྒན་རྒོན་མི་འབོར་དུང་ཕྱུར2.3ལྷག་ཙམ་ཡོད་པ་དེས་མི་འབོར་བསྡོམས་འབོར་གྱི16.7%བཟུང་ཡོད། ཀྲུང་གོ་རྒན་རྒོན་སློབ་ཆེན་མཐུན་ཚོགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཀྲུང་གོའི་རྒན་རྒོན་སློབ་ཆེན(སློབ་གྲྭ)ཧ་ལམ་ཁྲི6བར་མང་དུ་ཕྱིན་ཡོད།

ཝུའུ་ཡུས་ཧྲའོ་ཡིས་རྒན་རྒོན་མི་འབོར་མང་དུ་ཕྱིན་པ་དེས་རྒན་རྒོན་སློབ་གསོར་བླང་བྱ་གསར་པ་བཏོན་ཡོད། མིག་སྔར་རྒན་རྒོན་སློབ་ཆེན་གྱི་གྲངས་འབོར་དེས་སྔར་བཞིན་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ་དང“སྡོད་སའང་རག་དཀའ་བ”དེ་ཡོངས་ཁྱབ་ཀྱི་རྣམ་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན་རྒན་རྒོན་གྱི་སློབ་གསོ་སྔར་བས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།