ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་རང་རྒྱལ་ནས་ལོ་རེར་ཆ་སྙོམས་དབུལ་པོ་བྱེ་བ་གཅིག་དང་ས་ཡ་གསུམ་དབུལ་ཕོངས་ལས་ཐར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་འགན་ཁུར་པས་ཚེས་བཅུ་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས་མཚམས་སྦྱོར་བྱེད་རྒྱུར། གཅིག་སྟོང་དགུ་བརྒྱ་གྱ་དྲུག་ལོར་རྒྱལ་ཁབ་ཀྱིས་དབུལ་ཕོངས་རྫོང་གཏན་ཁེལ་བྱས་པའི་ཚུན་ལ། ད་ལོར་ཐོག་དང་པོར་སྤྱི་གྲངས་ཇེ་ཉུང་དུ་འགྲོ་བ་མངོན་འགྱུར་བྱེད་རྒྱུ་རེད་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལིག་ཡུང་ཧྥུའུ་ཡིས་མཚམས་སྦྱོར་བྱེད་རྒྱུར། མིག་སྔའི་བར་དུ། ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་དེ། རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་ཕན་འབྲས་མངོན་གསལ་ཐོབ་ཡོད་པ་དང་། དབུལ་ཕོངས་མི་གྲངས་གཞི་ཁྱོན་ཆེན་པོས་ཇེ་ཉུང་དུ་སོང་ལ། དབུལ་ཕོངས་ས་ཁུལ་གྱི་རྣམ་པར་ལེགས་བཅོས་མངོན་གསལ་ཐོབ། ཉིས་སྟོང་བཅུ་གཉིས་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར་དུ། རང་རྒྱལ་ནས་བསྡོམས་པས་དབུལ་པོ་བྱེ་བ་ལྔ་དང་ས་ཡ་ལྔ་བྱེ་བ་དྲུག་ཁྲི་བཞི་དབུལ་ཕོངས་ལས་ཐར་བ་དང་། ཉིས་སྟོང་བཅུ་བདུན་ལོར་སྔོན་དཔག་བྱས་ན་དབུལ་པོ་བྱེ་བ་གཅིག་ལྷག་དབུལ་ཕོངས་ལས་ཐར་ཐུབ། བསྟུད་མར་ལོ་ལྔ་ལ་ལོ་རེར་ཆ་སྙོམས་དབུལ་པོ་བྱེ་བ་གཅིག་དང་ས་ཡ་གསུམ་ལྷག་དབུལ་ཕོངས་ལས་ཐར་ནས། དབུལ་སྐྱོར་ལོ་རྒྱུས་སྟེང་ནས་ཆེས་བཟང་པོའི་གྲུབ་འབྲས་བླངས་ཟེར།

མིག་སྔར་རང་རྒྱལ་དུ་ད་དུང་དབུལ་ཕོངས་རྫོང་བརྒྱད་བརྒྱ་དང་སུམ་ཅུ་ཡོད། ལིག་ཡུང་ཧྥུའུ་ཡིས་བཤད་རྒྱུར། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དབུལ་ཕོངས་ལས་ཐར་བར་བྱེད་པའི་ལས་འགན་ད་དུང་ཧ་ཅང་ལྕི་བ་དང་། ནད་ལ་བརྟེན་ནས་དབུལ་ཕོངས་སུ་འགྱུར་བའི་གནད་དོན་ཧ་ཅང་འབུར་ཐོན་ཡིན་པས། ཀྲུང་དབྱང་དང་སྡེ་ཁག་སོ་སོས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དེ་དག་རྒྱབ་སྐྱོར་བྱེད་ཡུལ་གཙོ་བོར་བཞག་སྟེ། མ་དངུལ་དང་སྲིད་ཇུས། བྱ་བ་བཅས་ཀྱི་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཡུན་ཕན་རྐྱེན་སྲོལ་བཙུགས་ཏེ། དབུལ་ཐར་ཕན་འབྲས་སྲ་བརྟན་དང་བརྟན་འཇགས་སུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།