ཀྲུང་གོ་བོད་ཀྱི་དྲ་བ།

དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ་བཅུ་བའི་ཚེས་བཅུ་ཉིན། དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་པེ་ཅིན་ནས་ཚོགས། ཚོགས་ཐོག་ཏུ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བའི་གནས་ཚུལ་ལ་སྤྱི་སྡོམ་བྱས་ཤིང་། དུས་སྐབས་རྗེས་མའི་ལས་འགན་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། པེ་ཅིན་ཡན་ཆིན་འགྲན་ཁུལ་གྱི་འཆར་འགོད་དང་ཧི་པེ་ཀྲང་ཅ་ཁུག་འགྲན་ཁུལ་གྱི་འཆར་འགོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་ཉེར་བཞི་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཀའོ་ལིས་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

ཀྲང་ཀའོ་ལིས་ཀྱིས་བཤད་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤུས་ཚད་ལེགས་པའི་སྒོ་ནས་ཉིས་སྟོང་ཉེར་གཉིས་ལོའི་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྒྲུབ་པར་གྲ་སྒྲིག་བཟང་བོ་བྱེད་པ་དང་། ཧུར་ཐག་སྒོས་སྐབས་སྔོན་མ་དང་མི་འདྲ་བའི་ཨོ་རྩལ་འགྲན་ཚོགས་ཤིག་བསྡུ་དགོས་ཞེས་ནན་གྱིས་བསྟན། འབྲེལ་ཡོད་ས་གནས་དང་ལས་ཁུངས། སྡེ་ཁག་བཅས་ཀྱིས་གཞོགས་འདེགས་དམ་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་གྲ་སྒྲིག་བྱ་བའི་སྤྱིའི་འཆར་འགོད་གཏན་འཁེལ་བྱེད་པ་དང་། གསར་དུ་འཛུགས་སྐྲུན་བྱེད་པའི་འགྲན་བསྡུར་ར་བ་དུས་ལྟར་ལས་མགོ་བརྩམ་དགོས་ལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་བདེ་བླག་ངང་ལག་བསྟར་བྱས་ནས་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བའི་ཐད་ནས་གྲུབ་འབྲས་གསར་པ་ལེན་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་པེ་ཅིན་དང་ཧི་པེ། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱིས་འདུ་ཤེས་བཞི་བརྟན་པོར་ཆགས་པར་བྱེད་པ་དང་། གཟབ་ནན་གསུམ་དང་དངོས་གཉེར་གསུམ་གྱི་རེ་བ་ལྟར། འཛེར་འདེབས་སྙིང་སྟོབས་དར་སྤེལ་བྱེད་དགོས་པ་དང་གཙོ་གཞིའི་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་དགོས་ལ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ལྟ་སྐུལ་ཞིབ་བཤེར་བྱ་བར་ཤུགས་བསྣན་ནས། དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་སྣ་ཚོགས་དམ་འཛིན་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།