ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

851357db697e6a0a2f68a67177e557bb.jpg

ཟླ11པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས9ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་མཛད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་གྲོས་མོལ་ལ་ཞུགས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་བར་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཀར་ཁེ་ཕན་ཐོབ་པར་བྱེད་པ་དང་། མཉམ་ལས་གཅིག་བསྡུས་དང་འགལ་བར་དོ་དམ་དང་ཚོད་འཛིན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་པོའི་ཐོབ་པའི་ཚོར་སྣང་སྐྱེས་སུ་འཇུག་པ་དང་ས་གནས་དང་འཛམ་གླིང་ཡོངས་ཀྱི་མི་དམངས་ལ་སྔར་ལས་མང་པོའི་ཐོབ་པའི་ཚོར་སྣང་སྐྱེས་སུ་འཇུག་དགོས་ཟེར།

ཐི་ལང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ནི་རླབས་ཆེན་གྱི་འབྲེལ་བ་ཡིན་པ་དང་། ཨ་མེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད་དེང་སྐབས་འཛམ་གླིང་གི་གནད་དོན་གལ་ཆེན་ཐག་གཅོད་པར་ཧ་ཅང་གལ་ཆེ། བདག་གིས་མུ་མཐུད་དུ་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་འདྲིས་དམ་པོ་བྱེད་པ་སྲུང་འཛིན་བྱས་ཏེ། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་མཉམ་ལས་དམ་པོ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཨ་མེ་རི་ཁའི་ཕྱི་འབྲེལ་བདེ་འཇགས་གྲོས་མོལ་དང་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོས་མོལ། སྤྱི་ཚོགས་དང་མི་གཞུང་གྲོས་མོལ། ཁྲིམས་སྐྱོང་དང་དྲ་རྒྱའི་བདེ་འཇགས་གྲོས་མོལ་བཅས་མཐོ་རིམ་གྲོས་མོལ་རྐྱེན་སྲོལ་བཞི་ཡི་ཕྱོགས་གཉིས་ཀྱི་སྣེ་ཁྲིད་པའི་ཡར་ཞུ་ལ་ཉན་པར་མ་ཟད་ཀྲུང་གོ་དང་ཨ་མེ་རི་ཁའི་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་བཏོན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཐོ་རིམ་གྲོས་མོལ་རྐྱེན་སྲོལ་བཞི་བཙུགས་པ་ནི་བདག་གིས་ཙུང་ཐུང་ཐི་ལང་ཕུའུ་དང་ཐུག་འཕྲད་བྱེད་སྐབས་གཏན་ལ་ཕབ་པའི་འཐབ་ཇུས་ཆོད་དོན་ཡིན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་འདེགས་ཤུགས་རང་བཞིན་གྱི་ནུས་པ་ལྡན། མཐོ་རིམ་གྲོས་མོལ་བཞི་ཡིས་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ཤུགས་རྐྱེན་ཐེབས་པའི་གནད་དོན་གལ་ཆེན་གཅིག་བསྡུས་བྱེད་དགོས་པར་མ་ཟད། མཉམ་ལས་ལས་གཞི་རེ་རེ་བཟང་བོར་བསྒྲུབ་པ་དང་ཐུན་མོང་གི་ཁེ་ཕན་རྒྱ་བསྐྱེད་པ། དུས་ཐོག་དང་འོས་འཚམ་སྒོས་བར་ཆད་བྱེད་པའི་རྒྱུ་རྐྱེན་སྣ་ཚོགས་གཙང་སེལ་བྱས་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་དགོས་ཟེར།

ཐི་ལང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཀྲུང་གོ་ནི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཆེན་པོ་གཙོ་བོ་གཉིས་ཡིན་པ་དང་ཉོ་ཚོང་གྲོགས་པོ་གལ་ཆེན་ཡང་ཡིན། ཕྱོགས་གཉིས་ཀར་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་ཡོད་པ་དང་། མཉམ་ལས་ཀྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པས་གྲོས་མོལ་དང་མཉམ་ལས་ཤུགས་སྣོན་རྒྱུ་ཧ་ཅང་གལ་ཆེ། ཨ་མེ་རི་ཁ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱེད་ངེས་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བདེ་འཇགས་དང་དཔལ་འབྱོར། སྤྱི་ཚོགས་དང་མི་གཞུང་། ཁྲིམས་སྐྱོང་དང་དྲ་རྒྱའི་བདེ་འཇགས་སོགས་ཁྱབ་ཁོངས་དང་རིམ་པ་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱེད་པར་མུ་མཐུད་དུ་ཤུགས་སྣོན་འདོད་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐད་ལ་ནུས་པ་ཆེན་པོ་འདོན་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་ལས་བཟང་བོ་བྱས་ཏེ་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

གྲོས་མོལ་མཛད་རྗེས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ནུས་ཁུངས་དང་གསར་བཟོ་ལས་རིགས། ཞིང་ལས། མཁའ་སྐྱོད། རླངས་འཁོར་སོགས་ཁྱབ་ཁོངས་ཚོང་ལས་གན་རྒྱ་དང་ཕན་ཚུན་ལ་མ་དངུལ་གཏོང་བའི་གྲོས་མཐུན་སྟེང་མིང་བཀོད་པ་མཉམ་དུ་བདེན་དཔང་བྱས། ཙུང་ཐུང་ཐི་ལང་ཕུའུ་ཡིས་ཀྲུང་གོར་འཚམས་འདྲི་བྱེད་པའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱིས་མིང་བཀོད་པའི་ཚོང་ལས་གན་རྒྱ་དང་ཕན་ཚུན་ལ་མ་དངུལ་གཏོང་བའི་སྤྱིའི་དངུལ་གྲངས་ ཨ་མེ་རི་ཁའི་སྒོར་མོ་ཁྲག་ཁྲིག་གཉིས་དང་ཐེར་ཆེན་ལྔ་ལྷག་ལ་བསླེབས།

གྲོས་མོལ་མ་མཛད་པའི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ཐི་ལང་ཕུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པ་དང་། ཞི་ཅིན་ཕིན་གྱི་ལྕམ་མོ་ཕིན་ལིས་ཡོན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་ཡང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏེན་ཞེའོ་ཞང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།