ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིང་ཕིང་གིས་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

e7f2a766a10ff68629337db8149d4972.jpg

ཟླ11པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅན་ཀང་སྲིད་འཛིན་ལྟེ་གནས་ནས་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཅིག་ཉིན་ཅན་ཀང་སྲིད་འཛིན་ལྟེ་གནས་ནས་ཡོ་ནན་གྱི་ཙུང་ལི་རོན་ཁྲུན་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་ཅན་ཀང་སྲིད་འཛིན་ལྟེ་གནས་ལ་ཐོན་པ་ན། རོན་ཁྲུན་ཧྥུའུ་ཡིས་སྒོ་ཁ་ནས་བསུ་མ་བྱས།

ཞི་ཅིན་ཕིང་གིས་ཉེ་སྔོན་ཡོ་ནན་གྱི་དབུས་ལྷོ་རྒྱུད་ས་ཁུལ་ལ་དྲག་རླུང་གི་གནོད་པ་ཚབས་ཆེན་ཐེབས་པ་དང་། མི་སྣ་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་ཐེབས་པར་འཚམས་འདྲི་མཛད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཡོ་ནན་གྱི་ཏང་དང་སྲིད་གཞུང་གི་འགོ་ཁྲིད་འོག་ཏུ། གནོད་ཐེབས་ས་ཁུལ་གྱི་མི་དམངས་གནོད་འཚེ་ལས་རྣམ་པར་རྒྱལ་ནས། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བ་སྔ་མོ་ནས་སླར་གསོ་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད། ཀྲུང་གོས་ཡོ་ནན་གྱི་རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོས་ཡོ་ནན་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ངས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཡོ་ནན་གྱི་འགོ་ཁྲིད་བློ་མཐུན་བར་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་དུ་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་བསམ་ཚུལ་བརྗེ་རེས་ཟབ་མོ་བྱས་ནས། ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསླེབ་པར་སྐུལ་འདེད་གཏོང་རྒྱུར་རེ་སྒུག་བྱས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འབྱུང་བཞིན་པ་དང་། ཀྲུང་གོ་དང་ཡོ་ནན་རྒྱལ་ཁབ་གཉིས་ཀྱི་བཅོས་སྒྱུར་འཕེལ་རྒྱས་གནད་འགག་གི་དུས་སྐབས་སུ་སླེབ་ཡོད། ང་ཚོས་ཀྲུང་གོ་དང་ཡོ་ནན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་གོ་དང་ཡོ་ནན་གཉིས་ཀྱི་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱེད་དགོས་ཟེར། 

ན་ཁྲུན་ཧྥུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་གཏན་འབེབས་བྱས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། བློ་མཐུན་ཞི་ཅིན་ཕིང་ཡང་བསྐྱར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ལ་བདམས་པར་རྟེན་འབྲེལ་ཞུས། ཁོས་བཤད་རྒྱུར། ཡོ་ནན་གྱིས་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ལ་གཅེས་སྤྲས་བྱེད་བཞིན་ཡོད་པ་དང་། ཡོ་ནན་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་མཐོར་འདེགས་བྱེད་པ་ནི། ཡོ་ནན་གྱི་ཏང་དང་སྲིད་གཞུང་གི་ཕྱི་འབྲེལ་སྲིད་ཇུས་ཀྱི་དམིགས་བསལ་གདམ་གསེས་ཡིན། ཡོ་ནན་གྱིས་ཀྲུང་གོའི་བར་གྱི་དངུལ་གཏོང་དང་ཉོ་ཚོང་། ཐོན་ནུས། ཚན་རྩལ། ཞིང་ལས། གློག་ཤུགས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་ཟེར།

ཏིན་ཞེའོ་ཞང་དང་ལིའུ་ཧི། དབྱང་ཅེ་ཁྲི་སོགས་དང་། ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱུན་ལས་ཙུང་ལི་གཞོན་པ་ཀྲང་ཧི་ཕིང་སོགས་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།