ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རྒྱལ་ཁབ་བཅུའི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉི་ཤུ་བར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

c6d6feb4791bcb3412a5965138651dd3.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཧྥི་ལི་ཕིན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་བཅུའི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉི་ཤུ་བར་ཞུགས། པར་འདི་ནི་གྲོས་ཚོགས་ཀྱི་སྔོན་ལ་ལིས་ཁི་ཆང་གིས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་བཅུའི་འགོ་ཁྲིད་པ་དང་མཉམ་དུ་པར་བླངས་པའི་ཚུལ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ས་དེའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་ཧྥི་ལི་ཕིན་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རྒྱལ་ཁབ་བཅུའི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་ཉི་ཤུ་བར་ཞུགས། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་རྒྱལ་ཁབ་བཅུའི་འགོ་ཁྲིད་པ་གྲོས་ཚོགས་སུ་ཞུགས། ལིས་ཁི་ཆང་དང་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨེ་ཐི་གཉིས་ཀྱིས་མཉམ་དུ་གྲོས་ཚོགས་ལ་འགོ་འཛིན་བྱས།

ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས། ད་ལོ་ནི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བཙུགས་ནས་ལོ་འཁོར་ལྔ་བཅུ་འགོར་བ་རེད། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་འཕེལ་རྒྱས་དང་ཡར་ཐོན་ལ་དགའ་སྤྲོ་ཆེན་པོ་སྐྱེས་པ་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་མ་འོངས་པའི་མདུན་ལྗོངས་ལ་ཡིད་ཆེས་ཆེན་པོ་བཅངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་བློ་བརྟན་འགྱུར་མེད་སྒོས་རྒྱབ་སྐྱོར་དང་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ས་ཁོངས་མཉམ་ལས་ཁྲོད་ཀྱི་ནུས་པ་གཙོ་བོར་རྒྱབ་སྐྱོར་། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྒྱབ་སྐྱོར་བཅས་བྱེད་རྒྱུ་མ་ཟད། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་སྐྱིད་སྡུག་མཉམ་མྱོང་གི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ལག་གདང་སྦྲེལ་ཏེ་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཞེས་ནན་གྱིས་བསྟན། ལིས་ཁི་ཆང་གིས་མ་འོངས་པར་ཁ་ཕྱོགས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གྲོས་གཞི་འདི་ལྟར་བཏོན།

གཅིག་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་བར་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་མཉམ་དུ་ཇུས་འགོད་བྱེད་དགོས་པ་དང་། གཉིས་ནི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་དང་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་འཕེལ་རྒྱས་ཇུས་གཞི་དང་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་དགོས། གསུམ་ནི་ཕྱོགས་གཉིས་ཀྱི་ཆབ་སྲིད་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་དགོས། བཞི་ནི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་འབྲེལ་འདྲིས་སྔར་ལས་ཇེ་དམ་དུ་གཏོང་དགོས། ལྔ་ནི་མི་གཞུང་བརྗེ་རེས་མཉམ་ལས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས་པ་བཅས་རེད།

གྲོས་ཚོགས་སུ་ཞུགས་པའི་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་དང་ཀྲུང་གོ་བར་གྱི་འབྲེལ་བ་བརྟན་འཇགས་དང་གཉིས་ཕན་གྱི་སྒོ་ནས་འཕེལ་རྒྱས་སུ་སོང་སྟེ། ཨེ་ཤ་ཡ་ཤར་ལྷོ་མནའ་འབྲེལ་གྱི་ཆེས་ངོ་བོ་རང་བཞིན་ལྡན་པའི་ཕྱི་ཕྱོགས་གྲོགས་པོའི་འབྲེལ་བར་གྱུར་ཡོད། ཐེངས་འདིའི་འགོ་ཁྲིད་པའི་གྲོས་ཚོགས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བར་ཁ་ཕྱོགས་གསལ་བོ་སྟོན་སྲིད་པར་ཡིད་ཆེས་ཡོད་པའི་ཚུལ་བསྟན།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།