ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཨེ་ཤ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པར་ཞུགས་རྗེས། ས་དེའི་ཚེས་བཅོ་ལྔ་ཉིན་ནས་བཟུང་ཧྥི་ལི་ཕིན་ལ་དངོས་གཞིའི་འཚམས་འདྲི་མཛད་འགོ་བརྩམས། ཉིན་དེའི་ཕྱི་དྲོར། ལིས་ཁི་ཆང་གིས་མཱ་ཉི་ལའི་ཙུང་ཐུང་བཞུགས་ཤག་ནས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཏུའུ་ཐི་ཨར་ཐི་ལ་བརྩེ་བའི་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་མཛད། ཁོང་གིས་བསྟན་དོན། ཀྲུང་གོ་དང་ཧྥི་ལི་ཕིན་གཉིས་བར་དུ་འགྲོ་འོང་གི་ལོ་རྒྱུས་རིང་པོ་ཡོད་པ་དང་། མཛའ་མཐུན་མཉམ་ལས་ནི་ནམ་ཡང་གཙོ་བོ་ཡིན། དེང་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་དཀའ་ངལ་ཁྱད་དུ་སེལ་ནས་སླར་གསོ་བྱུང་ཡོད། ལག་ལེན་ལས་མཛའ་མཐུན་ཁྱིམ་མཚེས་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོ་དང་ཧྥི་ལི་ཕིན་ཕྱོགས་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་། དེ་ནི་མི་དམངས་ཀྱི་འདོད་བློ་དང་ས་ཁུལ་གྱི་འཕེལ་ཕྱོགས། ཐུན་མོང་གི་འཕེལ་རྒྱས་རྨང་གཞི་བཅས་ཡིན་པ་ར་སྤྲོད་བྱུང་ཡོད། ཀྲུང་གོས་ཧྥི་ལི་ཕིན་དང་མཉམ་དུ་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ་དང་། མཛའ་མཐུན་སྲ་བརྟན་དུ་གཏོང་བ། མཉམ་ལས་ཟབ་སྤེལ་བྱེད་པ་བཅས་བྱས་ཏེ། ཀྲུང་གོ་དང་ཧྥི་ལི་ཕིན་གྱི་འབྲེལ་བ་བདེ་ཐང་དང་བརྟན་བརླིང་ངང་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ཧྥི་ལི་ཕིན་གྱི་དཔལ་འབྱོར་ལ་ཁ་གསབ་རང་བཞིན་དྲག་པོ་ལྡན་པ་དང་། ཕན་ཚུན་བར་དུ་འཕེལ་རྒྱས་ཀྱི་གོ་སྐབས་དང་ཁྲོམ་ར་རྒྱ་ཆེན་པོ་ཡོད། ཀྲུང་གོས་ཧྥི་ལི་ཕིན་བར་དུ་འཕེལ་རྒྱས་འཐབ་ཇུས་ཀྱི་གྲོས་མོལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཧྥི་ལི་ཕིན་གྱི་གཞི་རྒྱ་ཆེ་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་དགོས་མཁོར་བསྟུན་ནས། རང་གི་སྒྲིག་ཆས་གསར་བཟོ་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཉམས་མྱོང་དང་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་ཐོན་ནུས་མཉམ་ལས་སྤེལ་འདོད་ཡོད། འཐབ་ཇུས་བདེ་འཇགས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། སྲོལ་རྒྱུན་དང་སྲོལ་རྒྱུན་ལས་འདས་པའི་བདེ་འཇགས་ཀྱི་འགྲན་རྩོད་ལ་ཁ་གཏད་སྔར་ལས་བཟང་པོ་འཇལ་འདོད་ཡོད། ཀྲུང་གོ་དང་ཧྥི་ལི་ཕིན་བར་གྱི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན། ན་གཞོན་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པ་དང་། ཕྱོགས་མང་དང་ཁུལ་ཁོངས་མཉམ་ལས་རྐྱེན་སྲོལ་ཁྲོད་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ཇེ་དམ་དུ་བཏང་ནས། རྒྱལ་ཁབ་གཉིས་དང་ཁུལ་ཁོངས་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་འདོད་ཡོད་ཟེར།

ཏུའུ་ཐི་ཨར་ཐི་ཡིས་བཤད་རྒྱུར། ཙུང་ལི་ལིས་ཁི་ཆང་ཐེངས་འདིར་འཚམས་འདྲིར་ཡོང་བ་ནི་ཀྲུང་གོ་སྲིད་གཞུང་གི་འགོ་གཙོ་ལོ་བཅུའི་རིང་ལ་ཐོག་དང་པོར་ཧྥི་ལི་ཕིན་ལ་འཚམས་འདྲིར་ཡོང་བ་ཡིན་པས་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་ནི་ཧྥི་ལི་ཕིན་གྱི་གྲོགས་པོ་བཟང་པོ་ལྷག་བསམ་རྣམ་དག་གི་སྤུན་ཟླ་ཡིན། ཧྥི་ལི་ཕིན་གྱིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་མཐུན་སྦྱོར་རྒྱལ་ཁབ་ཀྱི་ནུས་པ་འདོན་སྤེལ་བཟང་པོ་བྱས་ཏེ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་གོང་འཕེལ་དུ་འགྲོ་བར་ཡར་སྐུལ་བྱེད་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་ཟབ་མོ་མཛད།

གྲོས་མོལ་གྱི་རྗེས་སུ། ལིས་ཁི་ཆང་དང་ཏུའུ་ཐི་ཨར་ཐི་གཉིས་ཀྱིས་མཉམ་དུ་ཕྱོགས་གཉིས་ཀྱིས་རྨང་གཞིའི་སྒྲིག་ཆས་དང་། ཐོན་ནུས། དཔལ་འབྱོར་ལག་རྩལ། དངུལ་རྩ། མི་ཚུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཅུ་ལྷག་བཀོད་པར་བདེན་དཔང་བྱས།

གྲོས་མོལ་གྱི་སྔོན་ལ། ཏུའུ་ཐི་ཨར་ཐི་ཡིས་ཙུང་ཐུང་བཞུགས་ཤག་གི་ཐང་ཆེན་ནས་ལིས་ཁི་ཆང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་བསྡུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།