ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

73b5a0722672dc4a52e3af1bc598c77e.jpg

ཟླ་བཅུ་གཅིག་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཚོགས་ཆེན་གྱི་སྔོན་ལ། ཞི་ཅིན་ཕིང་དང་ཝང་ཧུའུ་ཉིང་སོགས་ཀྱིས་ཚོགས་ཆེན་སྟེང་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་ཚོགས་ཆེན་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་སྟེང་ཞུགས་པའི་སྐབས་དང་པོའི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་དང་དཔལ་ཡོན་ཞང་སྡེ། དཔལ་ཡོན་སྡེ་ཁག དཔལ་ཡོན་སློབ་གྲྭ། ནར་མ་སོན་པའི་མི་སྣའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་བྱ་བའི་སྔོན་ཐོན་འཐུས་མི། རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་འཐུས་མི་བཅས་ལ་མཇལ་འཕྲད་གནང་བ་དང་། འཐུས་མི་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། ཁོ་ཚོས་ཡང་འབད་བསྐྱར་འབད་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ཁྲོད་ཡང་བསྐྱར་བྱས་རྗེས་འཇོག་པ་དང་མིག་དཔེ་སྟོན་དགོས་པའི་སྐུལ་མ་བཏང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་དཔལ་ཡོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཧུའུ་ཉིང་མཇལ་འཕྲད་ལ་ཞུགས་པར་མ་ཟད་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས།

ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཟེངས་བསྟོད་ཚོགས་ཆེན་སྟེང་ཞུགས་པའི་འཐུས་མི་དྲུག་བརྒྱ་ལྷག་དགའ་སྤྲོའི་ངང་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཁང་དུ་འཛོམས། དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་། ཞི་ཅིན་ཕིང་སོགས་ཚོམས་ཁང་དུ་ཕེབས་མ་ཐག་ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་ཀྱིས་དགའ་སྤྲོའི་ངང་འཐུས་མི་རྣམས་དང་ཕྱག་འཇུ་བྱེད་པ་དང་བརྩེ་བའི་ཁ་བརྡ་མཛད། འཐུས་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ལ་འཚམས་འདྲི་ཞུས། དེའི་རྗེས་སུ་ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་རྣམས་དང་མཉམ་དུ་པར་བླངས།

ཝང་ཧུའུ་ཉིང་གིས་གཟེངས་བསྟོད་ཚོགས་ཆེན་སྟེང་གསུང་བཤད་གནང་། ཁོང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙིང་ཉེ་བའི་ངང་ཚོགས་འདུར་ཞུགས་པའི་བློ་མཐུན་ཡོངས་ལ་མཇལ་འཕྲད་གནང་བ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཡིས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཧ་ཅང་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་ཡོད་ལ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ལ་སེམས་ཁུར་ཆེན་མོ་བྱས་པའང་མཚོན་ཡོད། ལོ་ལྔའི་རིང་ལ། སྤྱི་ཚོགས་རིང་ལུགས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པར་མ་ཟད། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། དེའི་གཞི་རྩ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་ལ་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་ཚན་རིག་གི་མཛུབ་ཁྲིད་ལའང་རག་ལས་ཡོད། དུས་རབས་གསར་བར་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་དགོས་ན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་རྒྱུ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་དགོས་ལ། ཆེས་གལ་ཆེན་ནང་གི་འགངས་ཆེན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་སློབ་སྦྱོང་སློབ་གསོ་དང། དྲིལ་སྒྲོག་འགྲེལ་བཤད་བཅས་བྱེད་པར་གཙིགས་འཛིན་བྱེད་དགོས་པར་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ཧུར་ཐག་སྒོས་སྐྱེད་སྲིང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཕུགས་བསམ་དང་ཡིད་ཆེས་སློབ་གསོར་ཤུགས་སྣོན་པ། སྟོབས་ཤུགས་ཡོད་རྒུས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་གསར་བརྗེ་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་བྱས་ནས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། བྱ་བ་སྣ་ཚོགས་ལེགས་བཅོས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། མི་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་པར་སྐུལ་མ་གཏོང་དགོས་ཟེར།

ཏིན་ཞེའོ་ཞང་མཇལ་འཕྲད་ལ་ཞུགས། ལིའུ་ཡན་ཏུང་མཇལ་འཕྲད་ལ་ཞུགས་པར་མ་ཟད་ཚོགས་ཆེན་སྟེང་གཟེངས་བསྟོད་ཆོད་དོན་སྒྲོག་འདོན་བྱས། ཧོང་ཁུན་མེན་མཇལ་འཕྲད་ལ་ཞུགས་པར་མ་ཟད་གཟེངས་བསྟོད་ཚོགས་ཆེན་ལ་འགོ་འཛིན་བྱས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།