ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་བོན་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ས་བོན་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ། ཁྲིམས་འཛིན་ཞིབ་བཤེར་སྙན་ཞུའི་མ་ཡིག་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅི་པིན་ཞོན་གྲོས་ཚོགས་སུ་ཞུགས།

ཁྲིམས་འཛིན་ཞིབ་བཤེར་ཚན་ཁང་གི་མི་སྣ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུའི་མ་ལག་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན་རྗེས། ཅི་པིན་ཞོན་གྱིས་བཤད་རྒྱུར། ཁྲིམས་འཛིན་ཞིབ་བཤེར་བྱས་པའི་གནས་ཚུལ་ལ་བལྟས་ན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཏང་ཀྲུང་དབྱང་གི་ཞིང་ལས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཁྲིམས་ལྟར་ས་བོན་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། དེང་རབས་ས་བོན་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་མོད། འོན་ཀྱང་གནད་དོན་ཁ་ས་གཙོ་བོར་བཟུང་སྟེ་ཐག་གཅོད་བྱེད་དགོས། ཁོས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པའི་སྐོར་གྱི་རེ་བ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ས་བོན་རྒྱུ་སྤུས་ཐོན་ཁོངས་སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་པ། ས་བོན་སྐྱེད་སྲིང་དང་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། རྫོང་རིམ་པའི་ས་བོན་ལྟ་སྐུལ་དོ་དམ་སྒྲིག་གཞི་འཛུགས་སྐྲུན་དང་ཁྲིམས་འཛིན་ནུས་པ་ཇེ་ཆེར་གཏོང་བར་ཤུགས་སྣོན་པ་བཅས་བྱས་ཏེ། ས་བོན་གྱི་མཁོ་སྤྲོད་འགན་སྲུང་ནུས་པ་ཇེ་ཆེར་གཏོང་བ་དང་། ས་བོན་ལས་རིགས་ཀྱི་ལྗང་མདོན་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

བཟོ་བཅོས་དང་འཐུས་ཚང་དུ་བཏང་བའི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་གྲོས་ཞིབ་བྱེད་དུ་འཇུག་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།