ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཕ་ན་མའི་ཙུང་ཐུང་པཱ་ལོས་ལ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས་ཉི་ཤུ་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕ་ན་མའི་ཙུང་ཐུང་པཱ་ལོས་ལ་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་གོ་དང་ཕ་ན་མ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཀྲུང་གོ་དང་ཕ་ན་མ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པ་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་གྲོས་མོལ་གལ་ཆེན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་དམིགས་འབེན་གསར་བ་གཏན་འཁེལ་བྱས་པ་དང་བགྲོད་ལམ་གསར་བ་བཏོད་ཡོད། ཀྲུང་གོ་དང་ཕ་ན་མ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་མཉམ་དུ་ལག་ལེན་མཐར་ཕྱིན་བྱས་ནས། འགྲོ་འོང་ལ་ཤུགས་སྣོན་པ་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་དམ་དུ་གཏོང་བ། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་བྱེད་པ། དམངས་འདུན་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། མཛའ་མཐུན་མཉམ་ལས་ཀྱི་ཁྲིམས་ལུགས་ཁོར་ཡུག་གསར་སྐྲུན་བྱེད་པ་དང་། ཀྲུང་གོ་དང་ཕ་ན་མ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་བཟང་བོ་འཇོག་དགོས་ཟེར། 
ཀྲང་ཏི་ཅང་གིས་ད་རུང་མགྲོན་པོར་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་གནས་ཚུལ་མཚམས་སྦྱོར་མཛད།

པཱ་ལོས་ལ་ཡིས་བཤད་རྒྱུར། ངས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་ཧ་ཅང་འཐད་པ་ཡིན་ལ། ཀྲུང་གོས་བླངས་པའི་གྲུབ་འབྲས་རླབས་ཆེན་ལ་སེམས་གཏིང་ནས་སྨོན་འདུན་ཞུས་པ་ཡིན། ཕ་ན་མ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་བར་གྱི་བརྗེ་རེས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཀྲང་ཕིང་མཇལ་འཕྲད་ལ་ཞུགས།

ཉིན་དེའི་སྔ་དྲོར། ཕ་ན་མའི་ཙུང་ཐུང་པཱ་ལོས་ལ་པེ་ཅིན་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་སོང་སྟེ། མི་དམངས་དཔའ་བོའི་རྗེས་དྲན་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་ཕུལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།