ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཏི་ཅང་གིས་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས5ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་ན་ཏའི་ཙུང་ལི་ཐི་ལུའུ་ཏོ་ལ་མཇལ་འཕྲད་གནང་།

ཀྲང་ཏི་ཅང་གིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ལི་རྣམ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་ཁ་ཕྱོགས་གསལ་བོ་བསྟན་ཤིང་། ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་སོང་བ་དང་། དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་པར་མ་ཟད། ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། ཀྲུང་གོ་དང་ཁ་ན་ཏའི་གྲོས་ཁང་གི་དུས་བཅད་བརྗེ་རེས་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲིམས་འཛུགས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བ་དང་། དངོས་གཉེར་མཉམ་ལས་ཐད་ལ་སྲིད་ཇུས་དང་བཅའ་ཁྲིམས་ཀྱི་ཁོར་ཡུག་བཟང་བོ་ཞིག་གསར་སྐྲུན་བྱེད་དགོས་ལ། མི་གཞུང་བརྗེ་རེས་རྒྱ་བསྐྱེད་པ་དང་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།

ཐི་ལུའུ་ཏོ་ཡིས་བཤད་རྒྱུར། ན་ནིང་ཁ་ན་ཏ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀ་དུས་རབས་བཟང་བོ་ཞིག་ཏུ་སྐྱོད་མགོ་བརྩམས་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་མཛུབ་ཁྲིད་འོག་ཏུ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཇེ་བཟང་དུ་འགྲོ་བ་དང་དངོས་གཉེར་མཉམ་ལས་སྔར་ལས་རྒྱ་བསྐྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།   །
 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།