ཞི་ཅིན་ཕིང་གིས2017ལོའི་རྒྱུ་ནོར་འཛམ་གླིང་གླེང་སྟེགས་ཚོགས་མགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། ཉིས་སྟོང་བཅུ་བདུན་ལོའི་རྒྱུ་ནོར་འཛམ་གླིང་གླེང་སྟེགས་ཀོང་ཀྲིག་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཉིས་སྟོང་བཅུ་བདུན་ལོའི་ཀོང་ཀྲིག་རྒྱུ་ནོར་འཛམ་གླིང་གླེང་སྟེགས་ཚོགས་མགོ་བརྩམས་པའི་སྐབས་འདིར་བདག་གིས་གླེང་སྟེགས་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་བ་དང་ཕྱོགས་སོ་སོའི་མགྲོན་པོ་གྲོས་ཚོགས་ལ་ཞུགས་པར་ལྷག་བསམ་རྣམ་དག་སྒོས་དགའ་བསུ་ཞུ་བ་ཡིན། སྐབས་འདིའི་རྒྱུ་ནོར་འཛམ་གླིང་གླེང་སྟེགས་ཀྱིས་སྒོ་འབྱེད་གསར་སྐྲུན་ལག་བསྟར་བྱས་ཏེ་དཔལ་འབྱོར་ཐད་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་པ་བརྗོད་དོན་གཙོ་བོ་བྱས་ནས། འཛམ་གླིང་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་གནད་དོན་ཐད་ནས་མགྲོན་པོ་རྣམས་དང་མཉམ་དུ་བསམ་བློ་བརྗེ་རེས་དང་བློ་འདོན་ཇུས་འབུལ་བྱེད་པ་དེ་འཛམ་གླིང་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།

ཉེ་ལམ་ཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགུལ་སྐྱོད་རྩ་འཛིན་དང་འཕེལ་རྒྱས་འཆར་འགོད་གཏན་ཁེལ་བྱས། ང་ཚོས་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་གཏིང་ཟབ་ཏུ་སྤེལ་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་དགོས། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ཤུགས་ཆེན་པོས་སྤྱི་ཚོགས་ཡོངས་ཀྱི་གསར་སྐྲུན་ནུས་ཤུགས་ཇེ་ཆེར་གཏོང་དགོས་ལ། རྒྱུན་མཐུད་སྒོས་འཕེལ་རྒྱས་གསོན་ཤུགས་ཇེ་ཆེར་གཏོང་དགོས། སྔར་ལས་མཐོ་ཞིང་རིམ་པ་མང་པོའི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལག་བསྟར་བྱས་ཏེ་ཁྱོན་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་བ་ཆགས་པར་བྱེད་དགོས། མ་འོངས་པར་རྒྱང་ལྟ་བྱས་ཏེ་ཀྲུང་གོའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་ལས་ཇེ་ཆེར་འགྲོ་བ་དང་མི་དམངས་ཀྱི་ཐོབ་ཚོར་སྔར་ལས་ཇེ་མང་ཡིན་པ། འཛམ་གླིང་ཡོངས་དང་འབྲེལ་འདྲིས་དམ་པོ་བྱས་ཏེ། འཛམ་གླིང་གི་འཕེལ་རྒྱས་ཐད་ལ་སྔར་ལས་མང་པོའི་གོ་སྐབས་གསར་སྐྲུན་བྱེད་པ་དང་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།