ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་དང་ཨར་ཅི་རི་ཡ་སྲིད་འཛིན་པུའུ་ཐི་ཧྥེ་ལིས་ཁཱ་གཉིས་ཕན་ཚུན་བར་ཨར་ཅི་རི་ཡའི་འཕྲིན་གཏོང་འཁོར་སྐར་དང་པོ་འཕུར་གཏོང་བྱས་པ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2017-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཨར་ཅི་རི་ཡའི་སྲིད་འཛིན་པུའུ་ཐི་ཧྥེ་ལིས་ཁཱ་གཉིས་ཀྱིས་ཕན་ཚུན་ལ་ཨར་ཅི་རི་ཡའི་འཕྲིན་གཏོང་འཁོར་སྐར་དང་པོ་ཞི་ཁྲང་ནས་འཕུར་གཏོང་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།  

ཞི་ཅིན་ཕེན་གྱིས་གློག་འཕྲིན་ནང་བསྟན་དོན། ཨར་ཅི་རི་ཡའི་འཕྲིན་གཏོང་འཁོར་སྐར་དང་པོའི་ལས་གཞི་ནི་ཀྲུང་གོ་དང་ཨར་ཅི་རི་ཡ་རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་འབྲེལ་བ་བཙུགས་པའི་མཚོན་དོན་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་དང་ཨར་ཅི་རི་ཡ་རྒྱལ་ཁབ་གཉིས་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཐད་མཉམ་ལས་ལེགས་འགྲུབ་བྱུང་བའི་སྔོན་དཔེ་བསྐྲུན་པ་དེས་ཨར་ཅི་རི་ཡའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་ཐད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། སང་ལོ་ནི་ཀྲུང་གོ་དང་ཨར་ཅི་རི་ཡ་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར60ལོན་པའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨར་ཅི་རི་ཡ་དང་མཉམ་དུ་འབད་བརྩོན་བྱས་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་དང་བརྗེ་རེས་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཨར་ཅི་རི་ཡ་རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་འབྲེལ་བ་གཏིང་ཟབ་ངང་གོང་སྤེལ་དང་མི་དམངས་ལ་སྔར་ལས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་སྐུལ་འདེད་བྱ་རྒྱུ་ཡིན་ཞེས་བསྟན། 

པུའུ་ཐི་ཧྥེ་ལིས་ཁཱ་ཡིས་གློག་འཕྲིན་ནང་བསྟན་དོན། ཨར་ཅི་རི་ཡའི་འཕྲིན་གཏོང་འཁོར་སྐར་དང་པོ་ཞི་ཁྲང་ནས་འཕུར་གཏོང་ལེགས་འགྲུབ་བྱུང་བ་ནི་ཀྲུང་གོ་དང་ཨར་ཅི་རི་ཡ་རྒྱལ་ཁབ་གཉིས་ཀྱིས་འཇིག་རྟེན་འཕུར་སྐྱོད་བྱ་བའི་མཉམ་ལས་ཐད་བླངས་བའི་གྲུབ་འབྲས་ཡིན་ཞིང་། དེས་ཕྱོགས་གཉིས་ཀྱི་སྲོལ་རྒྱུན་མཛའ་འབྲེལ་གཏིང་ཟབ་ཡིན་པ་མཚོན། ཨར་ཅི་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་སྔར་ལས་མང་པོའི་གྲུབ་འབྲས་ལོན་ཐུབ་པར་སྐུལ་འདེད་བྱ་རྩིས་ཡོད་ཅེས་བསྟན། (མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།)

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།