ཀྲུང་གོ་བོད་ཀྱི་དྲ་བ།

ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་དང་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་གཉིས་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་གླེང་སྟེགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

a45ef94ec7aeb108bbd2b99ef26d6892 (1).jpg

ཚེས་བཅུ་གསུམ་ཉིན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་དང་མཉམ་དུ་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་གླེང་སྟེགས་ལ་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཚེས་བཅུ་གསུམ་ཉིན་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་དང་མཉམ་དུ་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་གླེང་སྟེགས་ལ་ཞུགས། ཀྲང་ཀའོ་ལིས་ཀྱིས་བསྟན་དོན། ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ནི་ས་བབ་ཀྱི་འབྲེལ་ཐག་ཉེ་ཞིང་མི་གཞུང་གི་འབྲེལ་བ་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་དང་རང་བྱུང་གི་མཉམ་ལས་གྲོགས་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་ཀུན་ཏུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཝུན་ཙེ་དབྱིན་གཉིས་ཀྱིས་གྲོས་མོལ་གལ་ཆེན་སྤེལ་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་ནས་ལྟ་ཚུལ་བརྗེ་རེས་གཏིང་ཟབ་བྱས་ཏེ། གོ་རིམ་རྗེས་མའི་ཀྲུང་གོ་དང་ཧན་གོའི་འབྲེལ་བའི་འཕེལ་རྒྱས་ལ་ཇུས་འགོད་ཚད་མཐོན་པོ་དང་སྤྱིའི་ཆ་ནས་འཆར་འགོད་གང་ལེགས་བྱས་ཡོད། ང་ཚོས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་ལག་བསྟར་དངོས་འབེབ་བྱེད་པ་དང་ཁྱིམ་མཚེས་མཛའ་མཐུན་གྱི་མཉམ་ལས་བྱེད་ཕྱོགས་རྒྱུན་འཁྱོངས་དམ་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ཁ་ཕྱོགས་བརྒྱུད་ནས་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ཝུན་ཙེ་དབྱིན་གྱིས་བསྟན་དོན། དེ་རིང་ནི་ནན་ཅིན་དམར་གསོད་ཆེན་མོ་བྱུང་ནས་ལོ་འཁོར་བརྒྱད་ཅུ་ལོན་པར་རྗེས་དྲན་བྱེད་པའི་ཉིན་མོ་ཡིན་པས། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་མི་དམངས་མྱངས་པའི་དཀའ་སྡུག་ཤེས་ཡོད་ལ། ཧན་གོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་བཟང་བོ་ཡིན་པས། རྒྱལ་ཁབ་གཉིས་ཀྱི་རིག་གནས་ལ་སྲོལ་རྒྱུན་གྱི་འབྲེལ་བ་དམ་པོ་ཡོད། ཕྱོགས་གཉིས་བར་ལ་འབྲེལ་བ་བཙུགས་ནས་ལོ་ངོ་ཉེར་ལྔ་འགོར་བའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། མི་སྣའི་བར་གྱི་འགྲོ་འོང་རྒྱུན་ལྡན་དུ་གྱུར་ཡོད། དུས་སྐབས་ཤིག་གི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཅུང་དཀའ་ཁག་ལ་འཕྲད་མོད། འོན་ཀྱང་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་སྟེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་ཇེ་དམ་དུ་སོང་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།