ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཅིན་པེན་དུ་ཐོན་ནས་རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་དུས་ཚོད་ཚེས་བཅུ་ཉིན་གྱི་ཕྱིར་དྲོར། ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧོང་སིན་གྱིས་གདན་ཞུ་བྱས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཆེད་བཞུགས་གནམ་གྲུར་བསྡད་དེ་ཅིན་པེན་ལ་འབྱོར་ནས། ཁམ་ཕུ་ཁྲེ་དང་ལོ་ཝོ། ཐེ་གོ ཡེའོ་ནན། འབར་མ་བཅས་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་དང་མཉམ་དུ་རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པ་མ་ཟད། ཁམ་ཕུ་ཁྲེ་ལ་དངོས་གཞི་འཚམས་འདྲི་བྱས།

ཁམ་ཕུ་ཁྲེ་ཡིས་དབུ་བཞུགས་བློན་ཆེན་གཞོན་པ་ཧི་ནན་ཧོང་དང་ཁམ་ཕུ་ཁྲེ་ཡི་འགྲོ་རོགས་ཚོགས་པའི་ཚོགས་གཙོ། རྒྱལ་སྲིད་བློན་ཆེན་སོགས་གནམ་གྲུ་ཐང་དུ་སོང་ནས་བསུ་མ་བྱས། ལིས་ཁི་ཆང་གིས་ཁམ་ཕུ་ཁྲེ་ཕྱོགས་ཀྱི་དཔོན་པོ་དང་ལག་འཇུ་བྱས་པ་དང་། ས་དེའི་ན་གཞོན་གྱིས་སྲོལ་རྒྱུན་གྱི་གུས་ལུགས་ལྟར་ལིས་ཁི་ཆང་ལ་མེ་ཏོག་ཕུལ། ཀྲུང་གོའི་ཁམ་ཕུ་ཁྲེ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་སོགས་ཀྱི་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས།

ལིས་ཁི་ཆང་གིས་བསྟན་དོན། རྫ་ཆུ་དང་མེ་གོང་ཆུ་བོས་རྒྱལ་ཁབ་དྲུག་ཕྱོགས་གཅིག་ཏུ་སྦྲེལ་བ་ཡོད་པ་དང་། རྒྱལ་ཁབ་དྲུག་གི་ལས་དབང་ཡང་ཕྱོགས་གཅིག་ཏུ་སྦྲེལ་ཡོད། རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་རྐྱེན་སྲོལ་ལག་བསྟར་བྱས་པའི་ཚུན་ནས། ས་དེའི་འཕེལ་རྒྱས་དང་མཐུན་སྒྲིལ་བརྩོན་ལེན་བྱེད་པ་དང་། མཉམ་ལས་ལ་སྐུལ་འདེད་བྱེད་པའི་ཐུན་མོང་གི་སེམས་འདུན་དང་བསྟུན་པའི་རྐྱེན་གྱིས། མགྱོགས་གྱུར་སྒོས་འཕེལ་རྒྱས་སུ་སོང་བ་དང་གྲུབ་འབྲས་གཡུར་དུ་ཟ་བ་བླངས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་མཉམ་ལས་སྤེལ་བའི་ཐད་ནས་སྤྱི་བསྡོམས་བྱེད་པ་དང་། མ་འོངས་པར་འཆར་གཞི་འགོད་པ། རྐྱེན་སྲོལ་དེ་སྐྱེད་སྲིང་དུས་སྐབས་ནས་བདེ་བླག་ངང་ནར་སོན་དུས་སྐབས་སུ་བསླེབ་པར་སྐུལ་འདེད་བཏང་སྟེ། ཁུལ་ཁོངས་འཕེལ་རྒྱས་ཐད་གསོན་ཤུགས་སྣོན་འདོད་ཡོད་ཟེར།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ནི་གཅིག་སེམས་གཅིག་གཏད་ཀྱི་གྲོགས་པོ་བཟང་བོ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན། ཕན་ཚུན་རྒྱབ་སྐྱོར་བྱས་པ་ཡིན། ད་ལོ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ལོ་ཡིན་པ་དང་། ངས་ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་ཁམ་ཕུ་ཁྲེ་བར་གྱི་མཛའ་བརྩེ་གླེང་བ་དང་མཉམ་ལས་ཐད་ནས་གྲོས་མོལ་བྱས་ནས། མཉམ་དུ་ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཐད་ཀྱི་ལེའུ་གསར་བ་འབྲི་བ་དང་། རྒྱལ་ཁབ་་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ། མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་རེ་བ་བཅངས་ཡོད་ཟེར།

རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་ཀྱི་འགོ་ཁྲིད་མི་སྣའི་གྲོས་ཚོགས་ཐེངས་གཉིས་པའི་སྐབས་སུ། ལིས་ཁི་ཆང་གིས་མེ་གོང་ཆུ་བོའི་རྒྱལ་ཁབ་ལྔ་ཡི་མགོ་ཁྲིད་མི་སྣ་དང་མཉམ་དུ་མ་འོངས་བའི་མཉམ་ལས་ཇུས་གཞི་ཐད་ནས་གྲོས་མོལ་བྱེད་པ་དང་། མཉམ་དུ་རྫ་ཆུ་དང་མེ་གོང་ཆུ་བོའི་མཉམ་ལས་གྲུབ་འབྲས་འགྲེམ་སྟོན་ལ་བལྟ་རྒྱུ་ཡིན་པ་མ་ཟད་གསར་འགོད་པར་མཇལ་འཕྲད་གནང་རྒྱུ་རེད། དེ་མ་ཟད་ད་དུང་ཚོགས་ཞུགས་རྒྱལ་ཁབ་སྐོར་ཞིག་གི་མགོ་ཁྲིད་མི་སྣ་དང་ཡང་མཇལ་འཕྲད་གནང་རྒྱུ་རེད།

ཁམ་པུ་ཁྲེ་ལ་འཚམས་འདྲི་བྱེད་པའི་སྐབས་སུ། ལིས་ཁི་ཆང་གིས་ད་དུང་ཁམ་ཕུ་ཁྲེ་རྒྱལ་ཁབ་ཀྱི་རྒྱལ་བོ་ཞི་ཧྭ་མའོ་ཉི་ལ་མཇལ་འཕྲད་གནང་བ་དང་། དབུ་བཞུགས་བློན་ཆེན་དང་གྲོས་མོལ་མཛད་རྒྱུ་ཡིན་པ་མ་ཟད། ཕྱོགས་གཉིས་ཀྱིས་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། འཕྲོད་བསྟེན། ནགས་ཚལ། ཞིང་ལས། མི་གཞུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ཀྱི་ཡིག་ཆ་འགོད་པར་བདེན་དཔང་བྱེད་པ་དང་། འབྲེལ་ཡོད་ཀྱི་ཆ་སྡེབས་བྱ་འགུལ་ལ་ཞུགས་རྒྱུ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།