ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་དགུ་ཉིན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟི་ལིང་དུ་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཀྲི་ཝེ་ཚོགས་འདུར་ཞུགས།

གྲོས་ཚོགས་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་བྱས་པ་དང་། གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བརྒྱད་པའི་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཆོད་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་བསྟན་དོན། ཉིས་སྟོང་བཅུ་བདུན་ལོར། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཡང་དག་པའི་མཛུབ་སྟོན་འོག་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་མཛུབ་སྟོན་དང་རོགས་སྐྱོར་འོག ཀྲུང་གོ་གོ་མིན་ཏང་གསར་བརྠེ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུ་གཉིས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཡོངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འདུ་ཤེས་བཞི་བརྟན་པོར་བཙུགས་པ་དང་ཡིད་ཆེས་བཞི་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ལ། སྒྱུར་བ་བཞིར་སྐུལ་འདེད་བཏང་སྟེ་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པར་དམིགས་ནས་ཧུར་ཐག་གིས་སྲིད་ཞུགས་ཏང་གི་འགན་ནུས་ལག་བསྟར་བྱས་པ་དང་རིགས་སོ་སོའི་བྱ་བར་གྲུབ་འབྲས་གསར་པ་བླངས་ཟེར།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ལོ་ཞིག་ཡིན་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ལོ་ཞིག་ཀྱང་ཡིན། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མུ་མཐུད་དུ་ཐོག་མའི་སེམས་འདུན་མི་བརྗེད་པ་དང་ལག་རྡང་སྦྲེལ་ཏེ་མདུན་སྐྱོད་བྱེད་ཅེས་པ་བརྗོད་གཞི་ཡིན་པའི་སློབ་གསོའི་བྱ་འགུལ་སྤེལ་ཏེ་ཆབ་སྲིད་གྲོས་མོལ་གྱི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏོང་བ་དང་སྤྱི་ཚོགས་ཞབས་ཞུ་དང་མེས་རྒྱལ་གཅིག་གྱུར་བྱ་བར་སྐུལ་འདེད་གཏོང་བ། རང་སྟེང་གི་འཛུགས་སྐྲུན་སྤེལ་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པས་བཏོན་པའི་འབད་འཐབ་དམིགས་འབེན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པས་བཏོན་པའི་དུས་མཉམ་གཅིག་དང་སྔར་ལས་ལྷག་པ་བཞིའི་དམིགས་འབེན་འགན་འཁྲི་མངོན་འགྱུར་བྱེད་པར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།