ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས་རྩ་ཁྲིམས་ཀྱི་ནང་དོན་སྐོར་ཞིག་ལ་བཟོ་བཅོས་བྱེད་པའི་གྲོས་གཞི་ལ་ཞིབ་འཇུག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་གྲོས་ཚོགས་བསྡུས་ནས། རྩ་ཁྲིམས་ཀྱི་ནང་དོན་སྐོར་ཞིག་ལ་བཟོ་བཅོས་བྱེད་པའི་གྲོས་གཞི་ལ་ཞིབ་འཇུག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཚོགས་ཐོག་ནས། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཟླ་དང་པོའི་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུ་ཉིན་བར་པེ་ཅིན་ནས་འཚོགས་རྒྱུའི་ཐག་བཅད་པ་མ་ཟད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས«ཀྲུང་གུང་ཀྲུང་དབྱང་གི་རྩ་ཁྲིམས་ཀྱི་ནང་དོན་སྐོར་ཞིག་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་གྲོས་གཞིའི»མ་ཟིན་ཐད་ནས་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ནས་བསམ་འཆར་བསྡུ་ལེན་བྱས་པའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། ཐེངས་འདིའི་གྲོས་ཚོགས་སྟེང་གྲོས་བསྡུར་བྱས་པའི་བསམ་འཆར་ལྟར་བཟོ་བཅོས་བྱས་རྗེས་ཡིག་ཆའི་མ་ཟིན་དེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཁྲིམས། ཏང་དང་མི་དམངས་ཀྱི་འདོད་བློའི་གཅིག་བསྡུས་མཚོན་བྱེད་ཡིན། ད་ལྟ་སྤྱོད་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་བྱས་པའི་ཚུན་ནས། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད་དང་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ལག་ལེན་ཁྲོད་ནུས་པ་ཧ་ཅང་གལ་ཆེན་འདོན་སྤེལ་བྱས། ལག་ལེན་ལས་རང་རྒྱལ་གྱིས་ད་ལྟ་བཀོལ་སྤྱོད་བྱེད་བཞིན་པའི་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་དུས་རབས་ཀྱི་འཕེལ་རྒྱས་རེ་བ་དང་མཐུན་པའི་རྩ་ཁྲིམས་བཟང་བོ་ཡིན་པ་ར་སྤྲོད་བྱས་ཟེར།

ཚོགས་ཐོག་ནས་བསྟན་དོན། ང་ཚོའི་ཏང་གིས་རྩ་ཁྲིམས་ཀྱི་རྒྱལ་སྐྱོང་སྲིད་འཛིན་ཁྲོད་ཀྱི་གོ་གནས་གལ་ཆེན་དང་ནུས་པར་ཧ་ཅང་མཐོང་ཆེན་བྱས་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་ན་ཐོག་མར་རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱེད་ན་ཐོག་མར་རྩ་ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་པ་གཏན་ཁེལ་གསལ་བོ་བྱས་པ་དང་། རྩ་ཁྲིམས་ལག་བསྟར་བྱེད་རྒྱུ་དེ་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འབུར་ཐོན་གོ་གནས་སུ་འཇོག་པ་དང་། ཤུགས་ཡོད་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་རྩ་ཁྲིམས་ལག་བསྟར་བྱེད་པ་དང་ལྟ་སྐུལ་བྱེད་པའི་བྱ་བར་ཤུགས་བསྣན་ནས། རྩ་ཁྲིམས་ལག་བསྟར་བྱེད་པར་འགན་སྲུང་བྱེད་པའི་ཐད་ཆབ་སྲིད་དང་ལམ་ལུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས་ཟེར།

ཚོགས་ཐོག་ནས། རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཀྱི་རྣམ་པར་བརྟེན་ནས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་གྱི་རླབས་ཆེན་འཐབ་རྩོད་བྱས་པ་དང་རྩ་བའི་གྲུབ་འབྲས་བླངས་པར་ཁས་ལེན་བྱས་པ་དང་། བཟོ་བའི་གྲལ་རིམ་གྱིས་འགོ་ཁྲིད་པ་དང་། བཟོ་ཞིང་མནའ་འབྲེལ་རྨང་གཞི་རུ་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་བྱེད་པའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་རྒྱལ་ལུགས་དང་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་ལུགས་གཏན་ཁེལ་བྱས་ལ། རྒྱལ་ཁབ་ཀྱི་རྩ་བའི་ལས་འགན་དང་འགོ་ཁྲིད་སྲོག་ཤིང་། མཛུབ་སྟོན་བསམ་བློ། འཕེལ་རྒྱས་བགྲོད་ལམ། འབད་འཐབ་དམིགས་འབེན་བཅས་གཏན་ཁེལ་གསལ་བོ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྩ་དོན། དམངས་གཙོ་གཅིག་བསྡུས་ལམ་ལུགས་ཀྱི་རྩ་དོན། འགྲོ་མིའི་ཐོབ་ཐང་བརྩི་བཀུར་དང་འགན་སྲུང་བྱེད་པའི་རྩ་དོན་སོགས་གཏན་ཁེལ་བྱས་ལ། རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་དང་རྩ་བའི་ཁེ་ཕན་མཚོན་པར་བྱས་ཡོད། རང་རྒྱལ་རྩ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་ལམ་ལུགས་དང་རྩ་དོན། སྒྲིག་ལམ་རབ་དང་རིམ་པ་དང་། བྱེད་ཕྱོགས་གལ་ཆེན་རབ་དང་རིམ་པའི་ཐད་ནས། དགེ་མཚན་མངོན་གསལ་དང་རྨང་གཞི་བརྟན་པོ། སྐྱེ་སྟོབས་ཆེན་པོ་ལྡན་པས། ངེས་པར་དུ་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས་བསྟན་དོན། རྩ་ཁྲིམས་བཟོ་བཅོས་ནི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་དང་། ཏང་ཀྲུང་དབྱང་གིས་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བཏོན་པའི་ཇུས་ཆོད་གལ་ཆེན་ཡིན་ལ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་བྱེད་ཐབས་གལ་ཆེན་ཡང་ཡིན། རྩ་ཁྲིམས་ཀྱི་དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་སྔར་ལས་འདོན་སྤེལ་བཟང་བོ་བྱེད་ཆེད། རྩ་ཁྲིམས་ལ་བཟོ་བཅོས་འོས་འཚམ་བྱེད་དགོས་པ་དང་། ཏང་དང་མི་དམངས་ཀྱིས་ལག་ལེན་ཁྲོད་བླངས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་ཐད་ཀྱི་གྲུབ་འབྲས་གལ་ཆེན་དེ་རྩ་ཁྲིམས་ཀྱི་གཏན་ཁེལ་དུ་རིམ་སྤོར་བྱེད་དགོས། ཏང་ཀྲུང་དབྱང་གིས་ཚང་འཛོམས་གྲོས་ཚོགས་བསྡུས་ནས་ཆེད་དུ་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པའི་གནད་དོན་ལ་བགྲོ་གླེང་བྱེད་རྒྱུའི་ཐག་བཅད་པ་དང་། དེས་ཏང་ཀྲུང་དབྱང་གིས་ཐེངས་འདིའི་རྩ་ཁྲིམས་ཀྱི་བཟོ་བཅོས་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་པ་མཚོན་ཡོད་ཟེར།

ཚོགས་ཐོག་ནས། ཐེངས་འདིའི་རྩ་ཁྲིམས་ལ་བཟོ་བཅོས་བྱེད་པའི་ཐད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་བཅས་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་གྲུབ་འབྲས་གསར་བ་དང་ཉམས་མྱོང་གསར་བ། རེ་བ་གསར་བ་མཚོན་པར་བྱེད་པ། རྩ་ཁྲིམས་ཐད་ནས་བབ་བསྟུན་མདུན་སྐྱོད་དང་འཐུས་ཚང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། དུས་རབས་གསར་བར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་སུ་གཏོང་བ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྩ་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྩ་ཁྲིམས་བཟོ་བཅོས་བྱེད་ན་ངེས་པར་དུ་གཤམ་གྱི་རྩ་དོན་ལག་བསྟར་བྱེད་དགོས་ཏེ། གཅིག་ནས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དང་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་ཁྲིམས་ལྟར་དང་གོ་རིམ་ལྟར་གཟབ་ནན་སྒོས་སྤེལ་དགོས། གསུམ་ནས་དམངས་གཙོ་དར་སྤེལ་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་སྒྲིལ་ནས། མི་དམངས་ཀྱི་འདོན་བློ་མཚོན་པར་བྱེད་པ་དང་། མི་དམངས་ལ་བརྩི་བཀུར་བྱེད་པར་ཁག་ཐེག་བྱེད་དགོས། བཞི་ནས་རྩ་ཁྲིམས་ཀྱི་ནང་དོན་སྐོར་ཞིག་ལ་བཟོ་བཅོས་བྱེད་པ་ལས། ཚང་མར་བཟོ་བཅོས་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཏང་དང་མི་དམངས་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་རེ་བ་དང་མཐུན་པར་བྱེད་པ་དང་། རྩ་ཁྲིམས་དང་ཁྲིམས་ལུགས་འཕེལ་རྒྱས་ཀྱི་ཆོས་ཉིད་གཞིར་བཟུང་སྟེ། རྩ་ཁྲིམས་ཀྱི་རྒྱུན་མཐུད་རང་བཞིན་དང་གཏན་འཇགས་རང་བཞིན། དབང་ཟིལ་རང་བཞིན་སྲུང་འཛིན་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།