ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་ཏང་གི་མང་ཚོགས་ཚོགས་པའི་བྱ་བ་བཟང་པོར་སྒྲུབ་ནས་རྒྱ་ཆེའི་མང་ཚོགས་ཀྱིས་དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་སློང་བྱེད་དགོས་ཞེས་གསུངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཚན་རྩལ་མཐུན་ཚོགས། ཀྲུང་གོ་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཅས་མང་ཚོགས་ཚོགས་པ་དང་རྩ་འཛུགས་ལྔའི་འགོ་ཁྲིད་ཁོངས་མིའི་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་། གུང་གཞོན་ཚོགས་པ་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་ཚན་རྩལ་མཐུན་ཚོགས། ཀྲུང་གོ་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་བཅས་མང་ཚོགས་ཚོགས་པ་དང་རྩ་འཛུགས་ལྔའི་འགོ་ཁྲིད་ཁོངས་མིའི་གྲོས་ཚོགས་ཚེས་བཅུ་གསུམ་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་སྲུང་འཛིན་བྱེད་པ་དང་ཇེ་དྲག་ཏུ་གཏོང་བར་དམ་དུ་དམིགས་ཏེ། མང་ཚོགས་ཚོགས་པའི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ཏང་གི་མང་ཚོགས་ཚོགས་པའི་བྱ་བ་ཏན་ཏིག་གིས་བཟང་བོར་སྒྲུབ་པ། རྒྱ་ཆེའི་མང་ཚོགས་ཀྱིས་ཧུར་ཐག་གིས་དུས་རབས་གསར་པར་བྱས་རྗེས་འཇོག་པར་མཐུན་སྒྲིལ་དང་སྐུལ་སློང་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་འབད་འཐབ་བྱེད་དགོས་ཞེས་བསྟན།

ཚོགས་འདུའི་སྟེང་མང་ཚོགས་ཚོགས་པ་དང་རྩ་འཛུགས་ལྔའི་འགན་ཁུར་བློ་མཐུན་གྱིས་གཏམ་བཤད་དེ། བྱ་བའི་གནས་ཚུལ་ཐད་ནས་བསམ་ཚུལ་བརྗེ་རེས་བྱས་པ་མ་ཟད། ད་ལོའི་བྱ་བ་བཟང་བོར་སྒྲུབ་པར་བསམ་འཆར་དང་གྲོས་གཞི་བཏོན།

ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་གི་མང་ཚོགས་ཚོགས་པའི་བྱ་བར་གསར་གཏོད་ཀྱི་རྣམ་པ་བཏོད་པ་ནི། གཙོ་བོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་ཡོད་པའི་དབང་གིས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མང་ཚོགས་ཚོགས་པ་བཅོས་སྒྱུར་བྱེད་པ་དང་ཏང་གི་མང་ཚོགས་ཚོགས་པའི་བྱ་བར་ཤུགས་སྣོན་པར་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་མཛད་དེ། ཏང་གི་མང་ཚོགས་ཚོགས་པའི་ལས་དོན་གོང་འཕེལ་དུ་གཏོང་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་མང་བོར་ལན་ཟབ་མོ་བཏབ་ནས། ཏང་གི་མང་ཚོགས་ཚོགས་པའི་བྱ་བའི་གཞུང་ཞུགས་ཕུན་ཚོགས་དང་གོང་འཕེལ་དུ་བཏང་བ་དང་། ཏང་གི་མང་ཚོགས་ཚོགས་པའི་བྱ་བ་བཟང་བོར་སྒྲུབ་པར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད་པས། ང་ཚོས་ངེས་པར་དུ་དེར་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པ་དང་། དེ་ལག་བསྟར་དངོས་འབེབས་བཟང་བོ་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། དུས་རབས་གསར་པའི་ཏང་གི་མང་ཚོགས་ཚོགས་པའི་བྱ་བ་བཟང་བོར་སྒྲུབ་ན། གལ་ཆེན་ནང་གི་འགངས་ཆེན་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གཏིང་ཟབ་སྒོས་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་རྒྱུ་དེ་ཡིན་པས། བསླབ་པར་གཞོལ་བ་དང་གོ་བ་གཏིང་ཟབ་ལེན་པ། ལག་ལེན་དངོས་ལ་ཞུགས་པ་བཅས་ཀྱི་བླང་བྱ་ལྟར་དུ། གཙོ་ཐིག་དམ་པོར་འཛིན་པ་དང་། ལག་ལེན་བྱེད་པའི་ཐད་ནས་གཏིང་ཟབ་ཡོང་བར་བྱེད་པ་དང་། མང་ཚོགས་ཚོགས་པའི་ཁྱད་ཆོས་འབུར་དུ་བཏོད་པ་དང་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་བའི་ཐད་ནས་གཏིང་ཟབ་ཡོང་བར་བྱེད་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱེད་པའི་ཐད་ནས་གཏིང་ཟབ་ཡོང་བར་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞིན་ཇེ་བརྟན་དུ་གཏོང་བ། སྲོག་ཤིང་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་བཏང་ནས། བློ་བརྟན་འགྱུར་མེད་སྒོས་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གིས་སེམས་ཁུར་བྱེད་པའི་དོན་ཆེན་དང་དཀའ་གནད་ལ་དམ་དུ་དམིགས་ནས་བྱེད་ཐབས་སྤྱོད་པ་དང་། བྱ་བའི་འགོ་རྩོམ་ས་དང་ཟུང་སྦྲེལ་བྱེད་ཡུལ། ཤུགས་སྣོན་ས་བཅས་ཡང་དག་པར་འཚོལ་བ། མང་ཚོགས་རྣམས་ཉེན་ཁ་ཆེན་པོ་བཀག་ནས་སེལ་བ་དང་། གནད་ཕིགས་དབུལ་ཐར་བྱེད་པ། འབག་བཙོག་འགོག་བཅོས་བྱེད་པ་བཅས་ཀྱི་མཁྲེགས་གཏོར་གྱི་འཐབ་འཛིང་ཆེན་པོ་གསུམ་ལས་རྣམ་པར་རྒྱལ་བར་སྐུལ་སློང་དང་ཁྲིད་སྟོན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས། མང་ཚོགས་ཚོགས་པའི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། མང་ཚོགས་ཚོགས་པའི་བྱ་བའི་བྱེད་ཐབས་གསར་གཏོར་བྱེད་པ་དང་། གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ། དཀའ་ངལ་ཅན་གྱི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། མང་ཚོགས་ཚོགས་པའི་ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་འགན་ཁུར་གཙོ་བོ་དངོས་འབེབས་བྱེད་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གོ་གནས་དང་པོར་བཞག་ནས། མང་ཚོགས་ཚོགས་པའི་ལས་བྱེད་དཔུང་སྡེའི་འཛུགས་སྐྲུན་དམ་འཛིན་བཟང་པོ་བྱས་ཏེ། ཆབ་སྲིད་སྐྱེ་ཁམས་བཟང་པོ་བསྐྲུན་དགོས། རིམ་པ་སོ་སོའི་ཏང་ཨུས་མང་ཚོགས་ཚོགས་པ་དང་རྩ་འཛུགས་ལ་འགོ་ཁྲིད་བྱེད་པར་ཤུགས་བསྣན་ནས། མང་ཚོགས་ཚོགས་པ་དང་རྩ་འཛུགས་ཀྱིས་བྱ་བ་སྒྲུབ་པར་མཐུན་རྐྱེན་ལེགས་པར་བསྐྲུན་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།