ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཉིན་ཧྲིལ་བོར་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཉིན་ཧྲིལ་བོར་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་བྱ་བ་ཡར་ཞུ་བྱས་པར་ཉན་པ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུ་ལ་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཚོགས་ཐོག་ནས་བསྟན་དོན། ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་རྩ་བའི་ཁྱད་ཆོས་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་ཆེན་པོ་ཡིན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རླབས་ཆེན་རྒྱལ་ཁ་ལེན་པའི་རྩ་བའི་ཁག་ཐེག་ཡིན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་སྐབས་ཐོག་མར་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། ཏང་ཡོངས་ཀྱིས་ཆབ་སྲིད་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་འདུ་ཤེས། དཔེ་ལྟའི་འདུ་ཤེས་བཅས་བརྟན་པོར་ཆགས་པར་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཆེས་མཐོའི་ཆབ་སྲིད་རྩ་དོན་དང་རྩ་བའི་ཆབ་སྲིད་སྒྲིག་སྲོལ་དུ་བརྩིས་ནས་ལག་བསྟར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་བསྟུད་མར་ལོ་གསུམ་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་བྱ་བའི་ཡར་ཞུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་བྱ་བའི་སྙན་ཞུ་ལ་ཉན་པར་མ་ཟད་བྱ་བ་དེ་གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གཏན་འཁེལ་འགའི་ནང་དུ་བཀོད་ཡོད། ལག་ལེན་ལས་དེ་ནི་ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། དགོས་གལ་ཆེ་ཞིང་དོན་སྙིང་ལྡན་པ་དང་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བདེན་དཔང་བྱས་ཡོད་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་བྱེད་འགོ་བརྩམས་པའི་ལོ་ཡིན་ལ། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་འགོར་བའི་ལོ་ཡིན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡང་ཡིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོགས་སྒོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་སྲུང་འཛིན་བྱེད་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་གོ་གནས་གལ་ཆེན་དུ་འཇོག་པ་དང་ཡང་དག་པའི་ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་ཁ་ཕྱོགས། ཆབ་སྲིད་རྩ་དོན། ཆབ་སྲིད་བགྲོད་ལམ་བཅས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཐབས་ཇུས་ལག་བསྟར་བྱེད་པའི་ཚན་རིག་རང་བཞིན་དང་ཕན་ནུས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པ་དང་། དཀའ་སྤྱད་བརྩོན་ལེན་དང་སྤོབས་པ་ཆེར་སྐྱེད་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་སྲིད་ཇུས་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་གཏོང་དགོས་ལ། འགོ་ཁྲིད་དེ་ཏང་གི་སྒྲིག་ཡིག་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོབ་བྱེད་པའི་སྐོར་གྱི་གཏན་འཁེལ་འགའ་ལག་བསྟར་བྱེད་པ་དང་། འགོ་ཁྲིད་དེ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་དང་དེའི་ལག་བསྟར་སྒྲིག་སྲོལ་ཞིབ་ཕྲ་ལག་བསྟར་བྱེད་དགོས་ལ། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་པ་དང་ཏང་ཙུའུ་རང་སྟེང་གི་འཛུགས་སྐྲུན་བྱ་བ་དམ་འཛིན་བྱས་ནས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལོ་གསར་བའི་ནང་དུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་རང་རྟོགས་སྒོས་ཀྲུང་དབྱང་ཆབ་སྲིད་ཅུའུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ཏུ་བྱ་བ་བསྒྲུབ་པ་དང་། རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་གོ་གནས་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་ལ་སྲུང་སྐྱོབ་བྱེད་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱས་ཏེ། གནས་བབ་གཞིར་འཛིན་པ་དང་ཁྱོན་ཡོངས་ལ་དམིགས་ཤིང་དོན་ཆེན་གླེང་ནས། རང་རྟོགས་སྒོས་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་པ་དང་བྱ་བའི་གནད་ཆེ་ས་འབུར་དུ་ཐོན་པར་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་ལས་འགན་གལ་ཆེན་དངོས་འབེབས་བྱས་ཏེ་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།