ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལ་ཏིན་མེ་གླིང་དང་ཅ་ལི་པི་རྒྱ་མཚོ་ས་ཁུལ་གྱི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་འགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2018ལོའི་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན། ཀྲུང་གོ་དང་ལ་ཏིན་མེ་གླིང་དང་ཅ་ལི་པི་རྒྱ་མཚོ་ས་ཁུལ་གྱི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཀྲི་ལི་ནས་ཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བཏང་སྟེ། གྲོས་ཚོགས་བསྡུས་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། 2015ལོའི་ཟླ་དང་པོར་སྐབས་དང་པོའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཚོགས་པའི་ཚུན་ལ། ཀྲུང་གོ་དང་ལ་ཏིན་མེས་གླིང་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག   ཀྲུང་གོ་དང་ལ་ཏིན་མེ་གླིང་གླེང་སྟེགས་དེ་ཀྲུང་གོ་དང་ལ་ཏིན་མེ་གླིང་གཉིས་ཀྱི་སྤྱིའི་མཉམ་ལས་ཀྱི་བྱེད་ཐབས་གཙོ་བོར་གྱུར་བར་མ་ཟད། ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་སྣེ་ཁྲིད་དེ་གྲུབ་འབྲས་གཡུར་ཟ་བ་བླངས་ཡོད་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་འཕེལ་རྒྱས་ཆེན་པོ་དང་འགྱུར་ལྡོག་ཆེན་པོའི་ལེགས་སྒྲིག་དུས་སྐབས་སུ་གནས་ཡོད། རྒྱལ་ཁབ་སོ་སོའི་བར་ཕན་ཚུན་འབྲེལ་འདྲིས་དང་རྒྱབ་རྟེན་བྱེད་པ་ཉིན་རེ་བཞིན་ཇེ་དམ་དུ་སོང་བ་དང་། མིའི་རིགས་ལ་ཐུན་མོང་གི་འགྲན་རྩོད་མང་པོ་གནས་ཡོད། ཀྲུང་གོ་དང་ལ་ཏིན་མེས་གླིང་དང་ཅ་ལི་པི་རྒྱ་མཚོ་ས་ཁུལ་གྱི་རྒྱལ་ཁབ་བར་རྒྱང་ཐག་རིང་ནའང་། ཚང་མ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས། འཛམ་གླིང་ཞི་བདེ་དང་དར་རྒྱས་གོང་འཕེལ། མི་དམངས་བདེ་སྐྱིད་ཡོང་བར་བྱེད་པ་བཅས་ནི་ང་ཚོས་མཉམ་དུ་རེ་སྙེག་བྱེད་པའི་ཕུགས་བསམ་ཡིན། ཀྲུང་གོ་མི་དམངས་ཀྱིས་ལ་ཏིན་མེས་གླིང་དང་ཅ་ལི་པི་རྒྱ་མཚོ་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་མི་དམངས་དང་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཀྲུང་གོ་དང་ལ་ཏིན་མེ་གླིང་ཐུན་མོང་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་དང་འབྲེལ་ཡོད་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འཐུས་མི་མཉམ་དུ་ཀྲུང་གོ་དང་ལ་ཏིན་མེས་གླིང་དང་ཅ་ལི་པི་རྒྱ་མཚོ་ས་ཁུལ་གྱི་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།