ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4d759c46d21a2265f149aa19dc66c39d.jpg

ཟླ་གཉིས་པའི་ཚེས་བརྒྱད་ཉིན། གདན་དྲངས་པ་ལྟར་ཧན་གོའི་ཕིང་ཁྲན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་པའི་མཛད་སྒོར་ཞུགས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཧན་ཀྲིན་གྱིས་ཧྲིག་ཨར་ཆིན་ཝ་ཐའེ་ནས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། གདན་དྲངས་པ་ལྟར་ཧན་གོའི་ཕིང་ཁྲན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་པའི་མཛད་སྒོར་ཞུགས་པའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཧན་ཀྲིན་གྱིས་ཧྲིག་ཨར་ཆིན་ཝ་ཐའེ་ནས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཝུན་ཙེ་དབྱིན་ལ་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་མཛད་པ་དང་། ཕིང་ཁྲང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་གྲུབ་འབྱུང་བར་སྨོན་འདུན་ཞུས། ཧན་ཀྲིན་གྱིས་གསུངས་རྒྱུར། 1992ལོར་ཀྲུང་གོ་དང་ཧན་གོ་གཉིས་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་སོང་། ན་ནིང་གི་ཟླ་བཅུ་གཉིས་པར་སྐུ་ཞབས་ཙུང་ཐུང་ལགས་ཀྱིས་ཀྲུང་གོར་ཕན་འབྲས་ལྡན་པའི་ངང་རྒྱལ་དོན་འཚམས་འདྲི་མཛད། ད་ལོའི་ལོ་འགོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་ལ་ཁ་པར་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་གཞོགས་འདེགས་བྱེད་པར་ཤུགས་སྣོན་པའི་སྐོར་ནས་ཐུན་མོང་གི་ལྟ་བ་གལ་ཆེན་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལས་གཏན་ལ་ཕབ་པའི་ཁ་ཕྱོགས་ལྟར། ཕན་ཚུན་བར་བརྩི་འཇོག་དང་རྒྱབ་སྐྱོར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རིམ་པ་སོ་སོའི་འབྲེལ་འདྲིས་དང་གྲོས་མོལ་ཁྱོན་ཡོངས་ནས་སྤེལ་བ། བརྗེ་རེས་དང་མཉམ་ལས་སྔར་ལས་ཕུན་སུམ་ཚོགས་པར་གཏོང་བ། དོ་སྣང་བྱེད་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། ཀྲུང་གོ་དང་ཧན་གོ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

ཝུན་ཙེ་དབྱིན་གྱིས་ཧན་ཀྲིན་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་བརྩེ་བའི་འཚམས་འདྲི་ཞུས་པ་དང་། ཧན་ཀྲིན་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི་ཡིན་པའི་ཆ་ནས་ཧན་གོར་ཡོང་སྟེ། ཕིང་ཁྲང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་རྩོམ་པའི་མཛད་སྒོར་ཞུགས་པར་བཀའ་དྲིན་ཞུས་པ་ཡིན་ཟེར། ཝུན་ཙེ་དབྱིན་གྱིས་བཤད་རྒྱུར། ཧན་གོ་དང་ཀྲུང་གོ་གཉིས་ནི་ཁྱིམ་མཚེས་དང་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འགོ་ཚུགས་ས་གསར་བར་སླེབས་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་ཆེན་པོ་བྱས་ནས། ཆབ་སྲིད་ཡིད་ཆེས་དང་མཛའ་བཤེས་ཇེ་དྲག་ཏུ་གཏོང་བ་དང་། རིམ་པ་སོ་སོའི་འགྲོ་འོང་ཇེ་དམ་དུ་གཏོང་བ། དངོས་གཉེར་མཉམ་ལ་གཏིང་ཟབ་ཏུ་སྤེལ་བ། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ཤུགས་སྣོན་པ་བཅས་བྱས་ཏེ། ཧན་གོ་དང་ཀྲུང་གོ་གཉིས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ས་དེའི་ཟླ་གཉིས་པའི་ཚེས་དགུ་ཉིན། ཧན་ཀྲིན་གྱིས་ཕིང་ཁྲང་ནས་རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་གཉིས་ལ་སོ་སོར་མཇལ་འཕྲད་གནང། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།