ཝང་དབྱང་པེ་ཅིན་ནས་ཚོགས་པའི་འཛམ་གླིང་སྒོ་ཁྲལ་མཐའ་མཚམས་བརྒལ་བའི་གློག་ཚོང་ཚོགས་ཆེན་སྐབས་དང་པོ་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཝང་དབྱང་པེ་ཅིན་ནས་ཚོགས་པའི་འཛམ་གླིང་སྒོ་ཁྲལ་མཐའ་མཚམས་བརྒལ་བའི་གློག་ཚོང་ཚོགས་ཆེན་སྐབས་དང་པོ་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས་གསུངས་རྒྱུར། མཐའ་མཚམས་བརྒལ་བའི་གློག་ཚོང་གིས་སྔར་ལས་མང་པོའི་རྒྱལ་ཁབ་དང་ཁེ་ལས། ཚོགས་ཁག་བཅས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་བསྐྲུན་པ་དང་། དེ་ནི་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་གསར་སྐྲུན་བྱེད་པའི་རྒྱབ་རྟེན་གཙོ་བོ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མདུན་སྐྱོད་ཀྱི་མཐོང་རྒྱ་སྔར་ལས་ཇེ་ཡངས་སུ་གཏོང་བ་དང་བཟོད་སྒོམ་གྱི་རྣམ་འགྱུར་བཟང་བོ་བཅངས་ཤིང་མཐུན་སྦྱོར་གྱི་གོམ་པ་བརྟན་པོ་སྤོས་ནས་མཐའ་མཚམས་བརྒལ་བའི་གློག་ཚོང་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། གཅིག ཕན་ཚུན་ལ་ཚོང་རའི་སྒོ་འབྱེད་དགོས། གཉིས། མཉམ་གཉེར་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། གསུམ། མཉམ་ལས་དང་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། བཞི། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་མཉམ་དུ་ལག་བསྟར་བྱེད་དགོས་ཟེར།

ཐེངས་འདིའི་གྲོས་ཚོགས་ནི་ཀྲུང་གོ་སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་དང་འཛམ་གླིང་སྒོ་ཁྲལ་རྩ་འཛུགས་གཉིས་ཀྱིས་མཉམ་དུ་བསྒྲུབས་པ་དང་། རྒྱལ་ཁབ་དང་ས་གནས་བརྒྱ་དང་ཉེར་ལྔའི་སྒོ་ཁྲལ་དང་སྲིད་གཞུང་ལས་ཁུངས། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས། ཁེ་ལས་ལས་རིགས། རིག་གཞུང་ལས་རིགས་བཅས་ཀྱི་འཐུས་མི་སྟོང་གཅིག་ལྷག་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།