ཧན་ཀྲིན་གྱིས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་བར་མ་ཟད་ཕེན་ཁྲང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། གདན་དྲངས་པ་ལྟར་ཧན་གོའི་ཕེན་ཁྲང་དགུན་པའི་ཨོ་རྩལ་འགྲན་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པའི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཧན་ཀྲིན་གྱིས་ཧྲིག་ཨར་ཆིན་བ་ཐེ་ནས་ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཧན་གོ་ནི་རང་བྱུང་གི་མཉམ་ལས་གྲོགས་པོ་ཡིན། ན་ནིང་གི་ཟླ་བཅུ་གཉིས་པར་ཙུང་ཐུང་ལགས་ཀྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་ནས་ཕན་འབྲས་བཟང་བོ་ཐོབ། ད་ལོའི་ལོ་འགོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་ལ་ཁ་པར་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་གོ་དང་ཧན་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ས་གནས་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་ནས་མཐུན་སྦྱོར་བྱེད་པར་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན། ཀྲུང་གོ་ཕྱོགས་ཀྱིས་ཧན་ཐོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཁ་ཕྱོགས་ལྟར་ཕན་ཚུན་ལ་བརྩི་འཇོག་དང་རྒྱབ་སྐྱོར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རིམ་པ་སོ་སོའི་བར་གྱི་འབྲེལ་འདྲིས་དང་གྲོས་མོལ་རྒྱ་ཆེར་སྤེལ་ཞིང་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། འབུར་ཐོན་གནད་དོན་འོས་འཚམ་སྒོས་ཐག་བཅད་ནས་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་འདོད་ཡོད་ཟེར།

ཝུན་ཙེ་དབྱིན་གྱིས་བཤད་རྒྱུར། ཧན་གོ་དང་ཀྲུང་གོའི་འབྲེལ་བ་དེ་འགོ་ཚུགས་ས་གསར་བའི་སྟེང་གནས་ཡོད་པས། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཧན་གོ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཧན་གོ་ཕྱོགས་ཀྱིས་ཀྲུང་གོས་ཁྲའོ་ཞན་ཕྱེད་གླིང་གནད་དོན་ཐད་ལ་ནུས་པ་ཆེན་པོ་བཏོན་པར་གཟེངས་བསྟོད་བྱེད་པར་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱས་ཏེ། ཕྱེད་གླིང་ལྷོ་བྱང་གྲོས་མོལ་མུ་མཐུད་དུ་བྱེད་པར་སྐུལ་འདེད་གཏོང་བ་དང་ཞི་བདེ་ཐབས་ལམ་ལ་བརྟེན་ནས་ཕྱེད་གླིང་གནད་དོན་ཐག་གཅོད་འདོད་ཡོད་ཟེར།

ས་དེའི་དུས་ཚོད་ཟླ་གཉིས་པའི་ཚེས་དགུ་ཉིན། ཧན་ཀྲིན་གྱིས་ཕེན་ཁྲང་ནས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་གཉིས་ལ་མཇལ་འཕྲད་གནང་།

པ་ཧི་ལ་མཇལ་འཕྲད་གནང་སྐབས་ཧན་ཀྲིན་གྱིས་གསུངས་རྒྱུར། ཀྲུང་གོས་ཉིས་སྟོང་ཉེར་གཉིས་ལོར་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་བའི་ཁས་ལེན་དམ་བཅའ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ལྗང་མདོག་དང་མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང་བཅས་ཀྱི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བསྡུ་རྒྱུ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་ཡོངས་ལ་སྐབས་སྔོན་མ་དང་མི་འདྲ་ཞིང་སྤྱིར་བཏང་མ་ཡིན་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཤིག་བསྡུ་རྒྱུ་ཡིན་ཟེར། པ་ཧི་ཡིས་བཤད་རྒྱུར། རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་པོ་བྱས་ཏེ། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་བསྒྲུབ་རྒྱུ་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཀུའུ་ཐི་ལོས་སི་ལ་མཇལ་འཕྲད་གནང་སྐབས་ཧན་ཀྲིན་གྱིས་བཤད་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་གསར་སྐྲུན་བྱེད་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ནང་བཀོད་ཟིན་པས་ཉིན་རེར་རྒྱལ་སྤྱིའི་ཐུན་མོང་གི་ལྟ་ཚུལ་དུ་འགྱུར་བཞིན་ཡོད། ཀྲུང་གོས་རྦད་ཆོད་སྒོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར། ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་ལ་ཧ་ཅང་མཐོང་ཆེན་བྱེད་པར་མ་ཟད་ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་དམ་པོ་བྱེད་འདོད་ཡོད་ཟེར། །

  

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།