ཀྲུང་གོ་བོད་ཀྱི་དྲ་བ།

ཞང་ཀང་གི་ལོ་ཆུང་ཉེན་རྟོག་འདྲི་རྩད་ཅེས་པའི་རྩ་འཛུགས་ཀྱི་ཁོངས་མིས་ཞི་ཅིན་ཕིང་ལ་ལོ་སར་གྱི་ཤིས་ཚིག་འཕྲིན་བྱང་བསྐུར་བ་དང་ཞི་ཅིན་ཕིང་གིས་འཕྲིན་ལན་བསྐུར་ནས་ཞང་ཀང་གི་ན་གཞོན་ལོ་ཆུང་རྣམས་ལ་སྨོན་འདུན་ཞུས་པ་དང་སྐུལ་མ་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བཞི་ཉིན་ཞང་ཀང་གི་ལོ་ཆུང་ཉེན་རྟོག་འདྲི་རྩད་ཅེས་པའི་རྩ་འཛུགས་ཀྱི་ཁོངས་མི་ལ་འཕྲིན་ལན་བསྐུར་ཏེ། ཁོ་ཚོས་རང་གིས་ལས་པའི་ལོ་སར་གྱི་ཤིས་ཚིག་འཕྲིན་བྱང་བསྐུར་བར་བཀའ་དྲིན་ཆེ་ཞུས་པ་དང་། ཁོ་ཚོར་སློབ་སྦྱོང་བཟང་པོ་བྱེད་དགོས་པ་དང་། བདེ་ཐང་ངང་འཚར་ལོངས་འབྱུང་དགོས་པ། སྔ་མོ་ནས་འཇོན་མིར་འགྱུར་དགོས་པ་བཅས་ཀྱི་སྐུལ་མ་གནང་བ་མ་ཟད། ཞང་ཀང་གི་རྒྱ་ཆེའི་ན་གཞོན་ལོ་ཆུང་རྣམས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་དུས་ཆེན་གྱི་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་དུ་གསུངས་རྒྱུར། ཁྱོད་ཚོས་ལས་པའི་ལོ་སར་གྱི་ཤིས་ཚིག་འཕྲིན་བྱང་འབྱོར་བར་ཧ་ཅང་དགའ་ཡོད། ཁྱོད་ཚོས་སེམས་རྣལ་དུ་ཕབ་ནས་ཡི་གེ་ཡག་པོ་བྲིས་པའི་བཀྲ་ཤིས་སྨོན་འདུན་གྱིས་ང་ཡིད་འགུལ་ཆེན་པོ་ཐེབས་སུ་བཅུག་སོང་། ཁྱོད་ཚོར་བཀའ་དྲིན་ཆེ་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། འཕྲིན་བྱང་སྟེང་གི་འདྲ་པར་མཐོང་རྗེས་ངས་ན་ནིང་ལོ་ཆུང་ཉེན་རྟོག་འདྲི་རྩད་ཀྱི་དུས་གཏན་བྱ་འགུལ་ལྟེ་གནས་ནས་ཁྱོད་ཚོ་དང་འཕྲད་པའི་སྣང་ཚུལ་ཡིད་ལ་དྲན་སོང་། ཁྱོད་ཚོ་ཚང་མར་གསོན་ཤུགས་ཆེན་པོས་ཁེངས་པ་དང་། དེས་ཞང་ཀང་གི་ན་གཞོན་ལོ་ཆུང་ཚོའི་ཁ་མིག་ཡར་ལྟའི་བསམ་བློའི་རྣམ་པ་མཚོན་ཡོད། མེས་རྒྱལ་དང་ཞང་ཀང་གི་མ་འོངས་པ་ནི་གཞོན་རབས་པར་རག་ལས་ཡོད་པས། ཁྱོད་ཚོས་གསུངས་རབ་ཁྲི་ཁྲག་ཀློག་པ་དང་བགྲོད་ལམ་རིང་པོར་སྐྱོད་དེ་ལོ་རྒྱུས་མང་ཙམ་སློབ་པ་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྒྱུས་ལོན་མང་ཙམ་བྱེད་པ། མཐོང་རྒྱ་ཇེ་ཡངས་དང་ཤེས་རྒྱ་ཇེ་ཆེར་བསྐྱེད་པ། རྩལ་ནུས་སྦྱོང་བརྡར་བྱེད་པ་དང་སྔ་མོ་ནས་འཇོན་མིར་འགྱུར་བར་བྱས་ཏེ། དོན་དངོས་བྱ་སྤྱོད་ལ་བརྟེན་ནས་ཞང་ཀང་ལ་ཞབས་འདེགས་ཞུ་བ་དང་མེས་རྒྱལ་ལ་དྲིན་ལན་འཇལ་དགོས་ཟེར།

ལོ་ཆུང་ཉེན་རྟོག་འདྲ་རྩད་ཅེས་པ་ནི་གཅིག་སྟོང་དགུ་བརྒྱ་དོན་བཞི་ལོར་བཙུགས་པ་དང་། ཞང་ཀང་ཉེན་རྟོག་ཕྱོགས་ཀྱི་ཁོངས་སུ་གཏོགས་པའི་རྩའཛུགས་ཤིག་ཡིན་ལ། ཞང་ཀང་གི་ན་གཞོན་ལོ་ཆུང་ལ་ཁྲིམས་སྐྱོང་སློབ་གསོ་དང་རྒྱས་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་རེད། ད་ལྟའི་བར་དུ་བསྡོམས་པས་ན་གཞོན་ལོ་ཆུང་ས་ཡ་གཅིག་རྩ་འཛུགས་དེའི་ཁོངས་སུ་བསྡུས་ཡོད་པ་དང་། ཚོགས་མི་འབུམ་གཉིས་དང་ཁྲི་གཅིག་ལས་བརྒལ་ཡོད། ན་ནིང་གི་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ཞི་ཅིན་ཕིང་གིས་ཞང་ཀང་ནས་ན་གཞོན་ཉེན་རྟོག་འདྲི་རྩད་ཀྱི་དུས་གཏན་བྱ་འགུལ་ལྟེ་གནས་དང་ན་གཞོན་ལོ་ཆུང་ཕྱོགས་བསྡུས་སྦྱོང་བརྡར་སྒར་སར་གཟིགས་ཞིབ་བྱས་པ་དང་། སྦྱོང་བརྡར་བྱེད་བཞིན་པའི་ཞང་ཀང་གི་ན་གཞོན་ལོ་ཆུང་ལ་འཚམས་འདྲི་མཛད། ཉེ་སྔོན། སྐབས་དེར་མཇལ་འཕྲད་བྱ་འགུལ་ལ་ཞུགས་པའི་གོ་ཧུང་ཞི་དང་ལོ་ཧའོ་ཉིན་སོགས་ལོ་ཆུང་ཉེན་རྟོག་འདྲི་རྩད་ཀྱི་ཁོངས་མི་ཉེར་གཉིས་ཀྱིས་ལོ་སར་གྱི་ཤིས་ཚིག་འཕྲིན་བྱང་ལས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་ལ་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་ཡང་བསྐྱར་མཇལ་བའི་རེ་སྨོན་མཚོན་པར་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།