ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་རྒྱལ་ཁབ་མང་པོའི་འགོ་གཙོས་ཀྲུང་གོ་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུགས་རྙིང་ལོ་སར་གྱི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་རྒྱལ་ཁབ་མང་པོའི་འགོ་གཙོས་བྱེད་ཐབས་སྣ་མང་སྤྱད་དེ་ཀྲུང་གོ་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས་པར་མ་ཟད། ལོ་གསར་བའི་ནང་ཀྲུང་གོའི་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པའི་ཚུལ་བསྟན།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་པོད་འཕྲིན་བརྒྱུད་དེ་ཀྲུང་མི་མི་དམངས་དང་འཛམ་གླིང་ཡོངས་ཀྱི་ཀྲུང་གོ་བར་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་ཞུས་པར་མ་ཟད། དབྱིན་ཇིའི་ཀྲུང་གོ་བའི་གཞིས་ཁུལ་གྱིས་དབྱིན་ཇིའི་སྤྱི་ཚོགས་ཐད་ལ་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པར་བཀའ་དྲིན་ཞུས།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏེ་ལེ་སིན་གྱིས་ཤིས་ཚིག་སྤེལ་ཏེ། ཨ་མེ་རི་ཁའི་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་གོའི་ལུགས་རྙིང་ལོ་སར་རོལ་བའི་མི་ཚང་མར་ལྷག་བསམ་རྣམ་དག་གི་སྨོན་འདུན་ཞུས་པར་མ་ཟད། ཚང་མས་བདེ་ཐང་དང་ཞི་བདེ། དར་རྒྱས་བཅས་ལོངས་སྤྱོད་བྱེད་པའི་སྨོན་འདུན་ཞུས།

རོ་མ་ནི་ཡའི་ཙུང་ལི་ཏིན་ཆི་ལིས་ཀྱིས་རོ་མ་ནི་ཡིའི་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོ་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས་པ་དང་། ལོ་གསར་བའི་ནང་ཀྲུང་གོ་དར་རྒྱས་འབྱོར་ཕྱུག་དང་མི་དམངས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་པར་མ་ཟད། ལོ་གསར་བའི་ནང་རོ་མ་ནི་ཡ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བ་དང་། ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས། ཞིང་ལས། གནས་སྐོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་སྨོན་འདུན་ཞུས།

ཕ་ཁི་སི་ཐན་གྱི་ཙུང་ཐུང་མཱ་མུའུ་ནུའུ་ཨིན་ཧིག་སེ་དབྱིན་གྱིས་བརྙན་འཕྲིན་བརྒྱུད་དེ་ལུགས་རྙིང་ལོ་སར་གྱི་ཤིས་ཚིག་ཕུལ། ཕ་ཁི་སི་ཐན་དང་ཀྲུང་གོ་གཉིས་ནི་རི་ཆུ་སྦྲེལ་བའི་ཁྱིམ་མཚེས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་བརྩེ་དུང་ཟབ་མོ་ཆགས་ཡོད། ཀྲུང་གོ་མི་དམངས་ཀྱི་གཟབ་རྒྱས་དུས་ཆེན་ལུགས་རྙིང་ལོ་སར་ཐོན་པའི་སྐབས་འདིར། ངས་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཀྲུང་གོ་མི་དམངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པར་མ་ཟད། ཀྲུང་གོར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་སྲིད་ལ། ཕ་ཁི་སི་ཐན་དང་ཀྲུང་གོའི་བར་གྱི་མཛའ་བཤེས་སྔར་ལས་ཇེ་བརྟན་དུ་གཏོང་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།

ཕེ་རུའི་རྒྱལ་ས་ལི་མ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁ་སི་ཐ་ཉེ་ཏ་ཡིས་བརྙན་འཕྲིན་བརྒྱུད་དེ་ཀྲུང་གོ་མི་དམངས་དང་ཕེ་རུ་ན་འཚོ་བ་རོལ་བཞིན་པའི་ཀྲུང་གོ་བར་ལུགས་རྙིང་ལོ་སར་གྱི་འཚམས་འདྲི་ཞུས་པར་མ་ཟད། ཕྱིན་ཆད་ཕེ་རུ་དང་ཀྲུང་གོ་གཉིས་བར་གྱི་མཛའ་བཤེས་ལ་ཤུགས་སྣོན་པ་དང་། ལག་གདང་སྦྲེལ་ཏེ་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་པར་རེ་བ་བྱེད་ཀྱིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།