ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་རྒྱ་གྲམ་དམར་པོ་སྤྱིའི་ཚོགས་པས་ས་མོ་ཡའི་རླུང་འཚུབ་གནོད་འཚེ་ལ་རོགས་དངུལ་ཞལ་འདེབས་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་མོ་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཞའོ་ཧྥུན་གྱིས་ཟླ་གཉིས་པའི་ཚེས་བཅུ་བཞི་ཉིན་ཀྲུང་གོ་རྒྱ་གྲམ་དམར་པོ་སྤྱིའི་ཚོགས་པའི་ཚབ་བྱས་ཏེ་ས་མོ་ཡའི་རྒྱ་གྲམ་དམར་པོ་ཚོགས་པར་ཨ་མེ་རི་ཁའི་སྒོར་མོ་ཁྲི་ལྔ་ཞལ་འདེབས་སུ་ཕུལ་ཏེ། ས་མོ་ཡར་རླུང་འཚུབ་དྲག་པོ་ཐེབས་རྗེས་ཀྱི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་བྱ་བའི་ཐད་ལ་བཀོལ་སྤྱོད་བྱས།

ཤེས་པ་ལྟར་ན། དེ་ནི་ས་མོ་ཡར་རླུང་འཚུབ་དྲག་པོ་ཐེབས་རྗེས་འབྱོར་བའི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རོགས་དངུལ་ཐོག་མ་ཡིན།

ས་མོ་ཡའི་རྒྱ་གྲམ་དམར་པོ་ཚོགས་པའི་ཀྲུའུ་ཞི་ཅེ་ལི་པུའུ་ལུང་ཐི་ཡིས་ཞལ་འདེབས་འབུལ་བའི་མཛད་སྒོའི་སྟེང་བཤད་རྒྱུར། ས་མོ་ཡར་རླུང་འཚུབ་དྲག་པོ་ཐེབས་རྗེས། ས་མོ་ཡའི་སྲིད་གཞུང་དང་རྒྱ་གྲམ་དམར་པོ་ཚོགས་པས་ཧུར་ཐག་སྒོས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་སྒྲུབ་འགོ་བརྩམས་མོད། འོད་ཀྱང་མིག་སྔར་འཕྲད་པའི་གནད་དོན་ཆེས་གལ་ཆེན་ནི་མ་དངུལ་ཡིན། གནད་འགག་གི་དུས་སྐབས་འདིར། ཀྲུང་གོ་སྲིད་གཞུང་དང་མི་དམངས། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས་དུས་ཐོག་ཏུ་ས་མོ་ཡར་རོགས་དངུལ་འདོན་སྤྲོད་བྱས་པས། ངས་ས་མོ་ཡའི་རྒྱ་གྲམ་དམར་པོ་ཚོགས་པའི་ཚབ་བྱས་ནས་དེར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཀྲུང་གོའི་མི་དམངས་ལ་ལུགས་རྙིང་ལོ་སར་གྱི་བཀྲ་ཤིས་རྟེན་འབྲེལ་ཞུས་པ་ཡིན་ཟེར།

ཝང་ཞའོ་ཧྥུན་གྱིས་བཤད་རྒྱུར། ཀྲུང་གོ་དང་ས་མོ་ཡའི་བར་རྒྱང་ཐག་རིང་ན་ཡང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་བརྩེ་སེམས་དམ་པོ་ཡོད། གནོད་འཚེ་ཐེབས་རྗེས། ཀྲུང་གོ་རྒྱ་གྲམ་དམར་པོ་སྤྱིའི་ཚོགས་པས་དུས་ཐོག་ཏུ་ས་མོ་ཡའི་རྒྱ་གྲམ་དམར་པོ་ཚོགས་པར་རོགས་དངུལ་ཞལ་འདེབས་སུ་ཕུལ་ཏེ་རོགས་སྐྱོར་བྱས། ས་མོ་ཡའི་མི་དམངས་ཀྱིས་རླུང་འཚུབ་ཀྱི་གནོད་འཚེ་སེལ་བ་དང་། བསྐྱར་འཛུགས་བྱ་བ་སྔ་མོ་ནས་ལེགས་འགྲུབ་འབྱུང་བར་རེ་བ་བྱེད་ཀྱིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།