ཀྲུང་གོ་བོད་ཀྱི་དྲ་བ།

​2020ལོར་རང་རྒྱལ་གྱི་རྫོང་ཁོངས་ནང་གི་ནད་བརྟག་སྨན་བཅོས་ཀྱི་ཚད་བརྒྱ་ཆའི་དགུ་བཅུ་ལ་འཕར་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རིམ་བགོས་ནད་བརྟག་སྨན་བཅོས་བྱེད་པར་ཐོག་མའི་ཕན་འབྲས་ཐོབ། ཉིས་སྟོང་ཉི་ཤུ་ལོར་རང་རྒྱལ་གྱི་རྫོང་ཁོངས་ནང་གི་ནད་བརྟག་སྨན་བཅོས་ཀྱི་ཚད་བརྒྱ་ཆའི་དགུ་བཅུ་ཡས་མས་སུ་བསླེབ་པར་བྱ་རྩིས་ཡོད་ལ། དམིགས་འབེན་འདི་མངོན་འགྱུར་བྱེད་དགོས་ན་བྱང་ཚད་མཐོ་བའི་སྨན་བཅོས་འཇོན་མི་སྔར་ལས་མང་པོ་གཞི་རིམ་ལ་འགྲོ་རུ་བཅུག་ནས་གཞི་རིམ་དུ་རྐང་འཛུགས་སུ་འཇུག་དགོས།

གསར་འགོད་པས་ཉེ་སྔོན་རྒྱལ་ཁབ་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་བདུན་ལོར། རྒྱལ་ཁབ་ཀྱིས་རིམ་བགོས་ནད་བརྟག་སྨན་བཅོས་ཀྱི་ཚོད་ལྟའི་གྲོང་ཁྱེར་སུམ་བརྒྱ་དང་ཉེར་གཅིག་ལ་ཇེ་མང་དུ་བཏང་བ་དང་། རིམ་གསུམ་གཞུང་བཙུགས་སྨན་ཁང་ཡོངས་རྫོགས་དང་སྤྱི་ཚོགས་ཀྱིས་བསྒྲུབས་པའི་སྨན་བཅོས་ལས་ཁུངས་སྟོང་གཅིག་ལྷག་སྨན་བཅོས་མཉམ་འབྲེལ་ཚོགས་པའི་འཛུགས་སྐྲུན་ཁྲོད་ཞུགས་པས། སྨན་བཅོས་ལས་ཁུངས་ཀྱིས་ནད་པའི་གནས་ཚུལ་ཡར་མར་ལ་བརྒྱུད་སྤྲོད་བྱེད་ཚད་བསྟུད་མར་ཇེ་མཐོར་སོང་།

སྨན་བཅོས་འཇོན་མིའི་སྐྱེད་སྲིང་ནི་རིམ་བགོས་ནད་བརྟག་སྨན་བཅོས་ཀྱི་ལམ་ལུགས་འཛུགས་པར་དོན་སྙིང་གལ་ཆེན་ལྡན། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་འཇོན་མིའི་དཔུང་སྡེ་རྒྱུན་ཆད་མེད་པར་ཇེ་ཆེར་གྱུར་ནས། ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་ལ། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་ལག་རྩལ་མི་སྣ་ས་ཡ་བརྒྱད་དང་འབུམ་བཞི་ཁྲི་ལྔ་སྟོང་བཞི་ལ་འཕར་བ་དང་། གསོ་སྦྱོང་བྱས་ཏེ་ཚད་ལྡན་དུ་གྱུར་པའི་ཀུན་མཁས་སྨན་པ་འབུམ་གཉིས་དང་སྟོང་དགུ་ལ་བུད་དེ། ཀུན་མཁས་སྨན་པའི་ལམ་ལུགས་ལག་བསྟར་མ་བྱས་གོང་ལས་ལྡབ་གཅིག་ཙམ་འཕར།

དེང་སྐབས། ས་གནས་ཁ་ཤས་སུ་ད་དུང་རྫོང་ཁོངས་ནང་གི་སྨན་བཅོས་ཐོན་ཁུངས་སྤྱིའི་ཆ་ནས་འཁོར་རྒྱུག་གསབ་རེས་བྱེད་མི་ཐུབ་པ་དང་། གཞི་རིམ་སྨན་བཅོས་ཞབས་ཞུའི་ལས་ཁུངས་མ་ལག་གི་ཕན་འབྲས་མི་མཐོ་བ་སོགས་ཀྱི་གནད་དོན་གནས་ཡོད། པེ་ཅིན་གྲོང་ཁྱེར་འཕྲོད་བསྟེན་འཆར་ལྡན་བུ་སྐྱེས་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཧྥང་ལའེ་དབྱིན་གྱིས་བསྟན་དོན། རིམ་བགོས་ནད་བརྟག་སྨན་བཅོས་མ་ལག་འཛུགས་པར་ད་དུང་གཞི་རིམ་སྡོད་ཁུལ་དང་རྫོང་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་ཞབས་ཞུ་ནུས་པ་མི་འདང་བའི་ཞན་ཆ་གཉས་གསབ་དགོས་ལ། གཞི་རིམ་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དང་གཞི་རིམ་སྨན་བཅོས་མི་སྣའི་བྱང་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་ཉེ་སྔོན་ཀུན་མཁས་སྨན་པའི་སྐྱེད་སྲིང་དང་བཀོལ་སྤྱོད་སྐུལ་མ་རྐྱེན་སྲོལ་བཅོས་སྒྱུར་བྱས་ཏེ་འཐུས་ཚང་དུ་གཏོང་བའི་ཡིག་ཆ་བཀྲམ་ནས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཀུན་མཁས་སྨན་པའི་ཟླ་ཕོགས་ཇེ་མཐོར་གཏོང་རྒྱུ་དང་། ལས་འབྲས་གླ་ཕོགས་ཀྱི་བགོ་བཤའ་འཐུས་ཚང་དུ་བཏང་ནས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་བཅོས་མི་སྣའི་བརྩོན་སེམས་བསྐྱེད་རྒྱུ་ཡིན་ཞེས་བསྟན། ཆེད་མཁས་པས་བཤད་ཚུལ་ལྟར་ན་བྱེད་ཐབས་དེས་གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ལས་གནས་ཀྱི་འགུག་ཇེ་ཆེར་བཏང་ནས། བྱང་ཚད་མཐོ་བའི་འཇོན་མི་གཞི་རིམ་ནས་རྐང་ཚུགས་པར་བྱེད་ཐུབ་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།