ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས2018ལོའི་རིག་རྩལ་གསར་རྩོམ་རོགས་སྐྱོར་ལས་གཞི་བསྡུ་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་གསར་རྩོམ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་ཆེད། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉེ་སྔོན་རྒྱལ་ཡོངས་ཀྱི་གསར་རྩོམ་གྱི་འཐབ་ཕྱོགས་དང་པོ་རུ་ཡོད་པའི་རིག་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་ཁ་ཕྱོགས་ནས་ཀྲུང་གོ་སྙིང་སྟོབས་དང་ཀྲུང་གོའི་ཕུགས་འདུན་ཞེས་པ་བརྗོད་གཞིར་བྱས་པའི་རིག་རྩལ་གསར་རྩོམ་བཟོ་སྐྲུན་དང་ན་གཞོན་རིག་རྩལ་གསར་རྩོམ་ལ་རོགས་སྐྱོར་བྱེད་པའི་འཆར་འགོད་ལས་གཞི་བསྡུ་འགོ་བརྩམས།

ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་ཕུགས་འདུན་ཞེས་པ་བརྗོད་གཞིར་བྱས་པའི་རིག་རྩལ་གསར་རྩོམ་བཟོ་སྐྲུན་གྱི་དམིགས་ཡུལ་ནི། རིག་རྩལ་ལས་གཞི་གྲགས་ཅན་བསྐྲུན་པར་རོགས་སྐྱོར་བྱས་ཏེ། དེས་རིག་རྩལ་གསར་རྩོམ་ཐད་ཐོན་པའི་ཁྲིད་སྟོན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། གསར་རྩོམ་གྱི་ནུས་པ་ཅུང་ཆེ་བ་དང་སོ་སོའི་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་འཇོན་ནུས་ངེས་ཅན་ལྡན་པའི་གཞོན་དར་རིག་རྩལ་བྱ་བ་སྒྲུབ་མཁན་ལ་རོགས་སྐྱོར་བྱེད་རྒྱུ་དེ་རེད། ན་གཞོན་རིག་རྩལ་གསར་རྩོམ་གྱི་རོགས་སྐྱོར་འཆར་གཞིའི་དམིགས་ཡུལ་ནི་རིག་རྩལ་གསར་རྩོམ་ལ་གསོན་ཤུགས་དང་སྟོབས་ཤུགས་གསར་བ་སྣོན་རྒྱུ་དེ་ཡིན་ལ། གཙོ་བོ་ལོ་ཞེ་ལྔའི་མན་ཡིན་ལ་གསར་རྩོམ་གྱི་འཐབ་ཕྱོགས་དང་པོ་རུ་ཡོད་པའི་ན་གཞོན་རིག་རྩལ་བྱ་བ་སྒྲུབ་མཁན་དམིགས་ཡུལ་དུ་བཟུང་ནས། དེ་དག་གི་གསར་རྩོམ་གཙོར་བྱས་ཏེ་གནད་འཁེལ་རོགས་སྐྱོར་དང་གནད་འཁེལ་ལས་གཞི་ལག་བསྟར་བྱས་ནས། དེའི་འཚར་ལོངས་གོང་འཕེལ་ཐད་སྟེགས་བུ་བསྐྲུན་རྒྱུ་རེད།

རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་རང་སྡོད་ས་དང་རང་གཏོགས་སའི་སྒྱུ་རྩལ་རིགས་སྣ་གཞིར་བཟུང་སྟེ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་གཏོགས་ཚོགས་པ་སོ་སོར་ལས་གཞི་སྤྲད་ཆོག་ལ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་གཏོགས་ཚོགས་པ་སོ་སོས་ལས་གཞི་གདམ་གསེས་ར་སྤྲོད་བྱས་རྗེས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ལས་གཞི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ལ་འོས་སྦྱོར་བྱ་དགོས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གདམ་གསེས་བྱས་པའི་ལས་གཞི་ལ་མ་དངུལ་བཀོལ་སྤྱོད་དང་། འཚོ་བའི་རྒྱུ་ཆ་འཚོལ་སྡུད་གསར་རྩོམ། ཆེད་མཁས་པའི་མཛུབ་སྟོན། དྲིལ་སྒྲོག་འོས་སྦྱོར་སོགས་ཐད་ནས་གོ་རིམ་ཧྲིལ་པོར་རྗེས་སྙེག་དང་། འགུལ་རྣམ་ཞབས་ཞུ། གནད་འཁེལ་རོགས་སྐྱོར་བཅས་བྱ་རྒྱུ་མ་ཟད། ཕུལ་བྱུང་རིག་རྩལ་གསར་རྩོམ་འཇོན་མི་དང་དེའི་གསར་རྩོམ་གྲུབ་འབྲས་དེ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རིག་རྩལ་འཇོན་མིའི་གྲངས་མཛོད་དུ་འཇུག་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།