རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ཞེས་པའི་ཆེད་དོན་གསར་འགོད་པའི་ཚོགས་འདུ་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་ཚེས11ཉིན་གསར་འགོད་པའི་ཚོགས་འདུ་བསྡུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་དང་ཀྲུའུ་རིན་གཞོན་པ་ཀྲིན་ཧྲུའུ་ན་གཉིས་ཀྱིས་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་འབྲེལ་ཡོད་གནད་དོན་ཐད་ནས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བཏབ།

ཧྲིན་ཁྲུན་ཡའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ནི་ཁྲིམས་བཀོད་གོ་རིམ་ལྟར་བསྒྲུབས་པ་ཡིན་ལ། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བསྡོམས་པས་དོན་ཚན་ཉེར་གཅིག་ཡོད། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་མཛུབ་སྟོན་གོ་གནས་གཏན་འཁེལ་བྱས་ཡོད་ཟེར། ཧྲིན་ཁྲུན་ཡའོ་ཡིས་བཤད་རྒྱུར། ཐེངས་འདིའི་རྩ་ཁྲིམས་ལ་བཟོ་བཅོས་བྱས་པའི་ནང་དོན་གཙོ་བོ་ཞིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱལ་ཁབ་ཀྱི་གཞི་རྩའི་རྩ་ཁྲིམས་སུ་བཀོད་པ་ལས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་མཚོན་པར་བྱས་ཡོད། ང་ཚོ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ནི་རྒྱལ་ཁབ་ཀྱི་མཛུབ་སྟོན་བསམ་བློ་གཏན་འཁེལ་གསལ་བོ་བྱས་པ་དེ་ཡིན། ཐེངས་འདིར་ཚན་རིག་གི་འཕེལ་རྒྱས་ལྟ་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ཚུལ་གྱིས་རྒྱལ་ཁབ་ཀྱི་གཞི་རྩའི་རྩ་ཁྲིམས་སུ་བཀོད་དེ། རྒྱལ་ཁབ་ཀྱི་མཛུབ་སྟོན་བསམ་བློ་བབ་བསྟུན་མདུན་སྐྱོད་བྱེད་པ་མངོན་འགྱུར་བྱས་ཡོད་ཟེར།

ཧྲིན་ཁྲུན་ཡའོ་དང་ཀྲིན་ཧྲུའུ་ན་གཉིས་ཀྱིས་ད་རུང་རྒྱལ་ཁབ་ལས་ཁུངས་ཁྲོད་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ཞེས་པ་གསར་དུ་ཁ་སྣོན་བྱེད་རྒྱུ་སོགས་གནད་དོན་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།