ཀྲུང་གོ་བོད་ཀྱི་དྲ་བ།

2018ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ།

    སྤེལ་དུས། : 2018-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་སྐོར་གྱི་བསམ་འཆར།

(2018ལོའི་ཟླ1པོའི་ཚེས2ཉིན། )

གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་དང་། དུས་རབས་གསར་པའི“ཞིང་གསུམ”བྱ་བ་སྤྱིའི་འཛིན་ལུང་ཡིན། ད་ལྟ་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་གཤམ་གྱི་བསམ་འཆར་བཏོན།

གཅིག དུས་རབས་གསར་པའི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གྱི་དོན་སྙིང་གལ་ཆེན།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ང་ཚོས“ཞིང་གསུམ”གནད་དོན་ཐག་གཅོད་གང་ལེགས་བྱ་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་ཁྲོད་ཀྱི་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་རྒྱུན་འཁྱོངས་བྱས་པ་དང་། མུ་མཐུད་དུ་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ཀྱིས་ཤུགས་བསྣན་ཅིང་། ཞིང་ལས་དེང་རབས་ཅན་དང་ཞིང་སྡེ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བྱས་པ་དང་། ཁྱོན་ཡོངས་ནས་ཞིང་སྡེ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཏེ།ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་རྣམ་པ་གསར་པ་བཏོད་པར་གཞོགས་འདེགས་གལ་ཆེན་འདོན་སྤྲོད་བྱས། ལོ་ལྔའི་རིང་ལ། འབྲུ་རིགས་ཐོན་སྐྱེད་ནུས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་སྤོས་པ་དང་། ཞིང་ལས་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་གོམ་པ་གསར་པ་སྤོས་ཤིང་། ཞིང་པའི་ཡོང་སྒོ་མུ་མཐུད་དུ་འཕར་བ་དང་། ཞིང་སྡེའི་དམངས་འཚོ་ཁྱོན་ཡོངས་ནས་ལེགས་སྒྱུར་བྱས་ཤིང་དབུལ་ཐར་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། ཞིང་སྡེའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མངོན་གསལ་གྱིས་ཤུགས་སྣོན་པ་དང་། ཞིང་པའི་ཐོབ་སྣང་མངོན་གསལ་གྱིས་ཇེ་མཐོར་སོང་བ་དང་།ཞིང་སྡེའི་སྤྱི་ཚོགས་བརྟན་བརླིང་འཆམ་མཐུན་དུ་གྱུར། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་བླངས་པ་དང“ཞིང་གསུམ”བྱ་བར་ཉམས་མྱོང་ཕུན་སུམ་ཚོགས་པ་བསགས་པ་དེས་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་རྨང་གཞི་ལེགས་པོ་བཏིང་། ཞིང་ལས་ཞིང་སྡེ་ཞིང་པ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོའི་རྩ་བའི་རང་བཞིན་གྱི་གནད་དོན་དང་འབྲེལ་བ་ཡོད། ཞིང་ལས་དང་ཞིང་སྡེའི་དེང་རབས་ཅན་མེད་ཚེ།རྒྱལ་ཁབ་ཀྱི་དེང་རབས་ཅན་ཡོད་མི་སྲིད། དེང་སྐབས། རང་རྒྱལ་གྱི་འཕེལ་རྒྱས་དོ་སྙོམས་མིན་པ་དང་གང་ལེགས་མ་བྱུང་བའི་གནད་དོན་གྲོང་གསེབ་ཏུ་ཚབས་ཆེན་ཡིན་ལ། གཙོ་བོ་ཕྱོགས་འདི་དག་ནས་མངོན་ཡོད་དེ། ཞིང་ལས་ཐོན་རྫས་ཀྱི་དུས་རིམ་རང་བཞིན་ལ་མཁོ་ཚད་ལས་འདོན་ཚད་ཆེ་བ་དང་འདོན་ཚད་མི་འདང་བའི་གནད་དོན་མཉམ་དུ་གནས་པ། ཞིང་ལས་ཀྱི་འདོན་སྤྲོད་སྤུས་ཀ་མྱུར་དུ་ཐག་གཅོད་དགོས་པ། ཞིང་པ་རྣམས་ལ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་དང་ཁྲོམ་རའི་འགྲན་རྩོད་ལ་འཚམ་ཐུབ་པའི་ནུས་པ་མི་འདང་བ། རྣམ་པ་གསར་པའི་ལས་རིགས་ཞིང་པའི་དཔུང་སྡེ་འཛུགས་སྐྲུན་ལ་མྱུར་དུ་ཤུགས་སྣོན་དགོས་པ། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོའི་ཁྱབ་ཁོངས་ལ་བུ་ལོན་ཅུང་མང་པོ་ཆད་པ། ཞིང་སྡེའི་ཁོར་ཡུག་དང་སྐྱེ་ཁམས་གནད་དོན་ཅུང་ཚབས་ཆེ་བ། གྲོང་གསེབ་འཕེལ་རྒྱས་ཀྱི་སྤྱིའི་ཆུ་ཚད་མྱུར་དུ་མཐོར་འདེགས་གཏོང་དགོས་པ། རྒྱལ་ཁབ་ཀྱི་ཞིང་ལས་རྒྱབ་སྐྱོར་མ་ལག་ལྟོས་བཅས་ཀྱིས་ཞན་པ། ཞིང་སྡེའི་དངུལ་རྩའི་བཅོས་བསྒྱུར་གྱི་ལས་འགན་ཤིན་ཏུ་ལྕི་བ། གྲོང་ཁྱེར་དང་གྲོང་གསེབ་བར་གྱི་རྒྱུ་ཆ་གལ་ཆེན་འོས་འཚམ་ངང་འཁོར་སྐྱོད་བྱེད་པའི་སྒྲིག་གཞི་མྱུར་དུ་འཐུས་ཚང་དུ་གཏོང་དགོས་པ། ཞིང་སྡེའི་གཞི་རིམ་ཏང་གི་འཛུགས་སྐྲུན་གྱི་གལ་ཆེའི་མཚམས་ཚིག་ཉག་ཕྲ་བའི་གནད་དོན་གནས་པ། གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་མྱུར་དུ་ཇེ་དྲག་ཏུ་གཏོང་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་ནི། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བ་ཐག་གཅོད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། “ལོ་བརྒྱ་ཕྲག་གཉིས”ཀྱི་ཧུར་བརྩོན་དམིགས་འབེན་གྱི་དགོས་ངེས་ཀྱི་བླང་བྱ་དང་། མི་དམངས་ཡོངས་རྫོགས་ཐུན་མོང་ཕྱུག་པོར་བསྒྱུར་བ་མངོན་འགྱུར་བྱེེད་པའི་དགོས་ངེས་ཀྱི་བླང་བྱའང་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་གསར་པར་གྲོང་གསེབ་ནི་བྱ་བ་ཆེན་པོ་སྒྲུབ་ཆོག་པའི་ས་གཞི་རྒྱ་ཆེ་བ་ཞིག་ཡིན་པ་དང་།ཐོབ་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་ཀྱང་བསུས་ཡོང་། ང་ཚོར་ཏང་གིས་མགོ་ཁྲིད་པའི་ཆབ་སྲིད་ཀྱི་ལེགས་ཆ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལེགས་ཆ་ཡོད་པ་དང་། ཞིང་པ་དུང་ཕྱུར་མང་པོའི་གསར་གཏོད་ཀྱི་སྙིང་སྟོབས་ཡོད། སྟོབས་ཆེ་བའི་དཔལ་འབྱོར་གྱི་གཞོགས་འདེགས་དངོས་ཡོད་ཅིང་ལོ་རྒྱུས་རྒྱུན་རིང་བའི་ཞིང་ལས་དཔལ་ཡོན་དང་རབ་ཏུ་རྒྱས་བཞིན་པའི་ཚོང་རའི་དགོས་མཁོ་བཅས་ཡོད་པས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཆ་རྐྱེན་དང་ནུས་པ་ཡོངས་སུ་འཛོམས་ཡོད། ངེས་པར་རྒྱལ་ཁབ་ཀྱི་གནས་བབ་དང་ཞིང་སྡེའི་གནས་བབ་ལ་རྐང་བཙུགས་ཏེ། དུས་བསྟུན་གྱི་བྱ་བ་སྒྲུབ་དགོས་ལ་འོས་འགན་འདུ་ཤེས་དང་།འགན་འཁྲིའི་འདུ་ཤེས།ཁ་ཚ་དགོས་གཏུག་གི་འདུ་ཤེས་བཅས་དངོས་སུ་ཇེ་དྲག་ཏུ་བཏང་སྟེ། ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱི་ནུས་པ་འདོན་པ་དང་། སྔ་ན་མེད་པའི་ཆོད་སེམས་དང་། སྔར་ལས་གསལ་བའི་དམིགས་འབེན། སྔར་ལས་ནུས་པ་ལྡན་པའི་བྱེད་ཐབས་ལ་བརྟེན་ནས། ཞིང་ལས་ཁྱོན་ཡོངས་ནས་རིམ་པ་འཕར་བ་དང་། ཞིང་སྡེ་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བ། ཞིང་པ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བ་བཅས་ལ་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་ལེའུ་གསར་པ་འབྲི་དགོས།

གཉིས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་སྤྱི་ཁོག་གི་བླང་བྱ།

(གཅིག)མཛུབ་སྟོན་བསམ་བློ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་དོན་འཁྱོལ་དང་། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི“ཞིང་གསུམ”བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་དང་། བརྟན་བརླིང་ངང་འཕེལ་རྒྱས་ལ་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་འཛུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དངོས་འབེབས་བྱེད་པ། “གནས་ལྔ་ཕུང་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་སྐུལ་འདེད་དང“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་དམ་པོར་དམིགས་ཏེ། “ཞིང་གསུམ”གནད་དོན་ཐག་གཅོད་ལེགས་པོ་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་ཁྲོད་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་རྒྱུན་འཁྱོངས་དང་། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ། ཐོན་ལས་དར་སྤེལ་དང་། སྐྱེ་ཁམས་གནས་བདེ། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་ཇེ་ཕྱུག་ཏུ་འགྲོ་བའི་སྤྱིའི་བླང་བྱ་ལྟར། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ནང་རྐྱེན་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། གཅིག་གྱུར་སྒོས་ཞིང་སྡེའི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་སྟེ། མགྱོགས་མྱུར་ངང་གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་དང་། མགྱོགས་མྱུར་ངང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་ལམ་དུ་བསྐྱོད་དེ། ཞིང་ལས་ནི་མགོ་འདྲེན་ནུས་པ་ལྡན་པའི་ཐོན་ལས་སུ་འགྱུར་བ་དང་། ཞིང་པ་ནི་འགུག་ནུས་ལྡན་པའི་ལས་རིགས་ལ་འགྱུར་དུ་འཇུག་པ། ཞིང་སྡེ་དེ་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ཁྱིམ་གཞིས་ཤིག་ལ་འགྱུར་དུ་འཇུག་དགོས།

(གཉིས།)དམིགས་འབེན་ལས་འགན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པས་བཏོན་པའི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རིམ་གཉིས་སུ་བཀར་ཏེ་ལོ་ངོ་བརྒྱ་ཕྲག་གཉིས་པའི་ཧུར་བརྩོན་དམིགས་འབེན་གྱི་འཐབ་ཇུས་བཀོད་སྒྲིག་མངོན་འགྱུར་འབྱུང་དགོས་ལ། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གྱི་དམིགས་འབེན་ལས་འགན་ནི་གཤམ་གསལ།

2020ལོར་སླེབས་པ་ན།གྲོང་གསེབ་དར་སྤེལ་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་། ལམ་ལུགས་སྒྲོམ་གཞི་དང་སྲིད་ཇུས་མ་ལག་གཞི་རྩའི་སྟེང་ཆགས་དགོས། ཞིང་སྡེའི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་བརྟན་བརླིང་ངང་ཡར་འཕར་བ་དང་། ཞིང་ལས་ཀྱི་མཁོ་སྤྲོད་མ་ལག་གི་སྤུས་ཚད་མཐོར་འདེགས་མངོན་གསལ་འབྱུང་བ། ཞིང་སྡེའི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འབྱུང་ཚད་སྔར་ལས་ཇེ་མཐོར་ཕྱིན་ཡོད་པ་དང་། ཞིང་པའི་ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་སྔར་ལས་རྒྱ་བསྐྱེད་ཡོད་པ། མཁར་གྲོང་སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱི་ཧེ་བག་མུ་མཐུད་དེ་ཇེ་ཆུང་དུ་ཕྱིན་ཡོད་པ།ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་ཞིང་སྡེའི་དབུལ་ཕོངས་མི་གྲངས་དབུལ་ཐར་མངོན་འགྱུར་འབྱུང་བ། དབུལ་ཕོངས་རྫོང་ཡོངས་ཀྱི་ཞྭ་མོ་འཕུད་པ། ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་ཕོངས་ཐག་གཅོད་པ། ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་སྤེལ་གཏིང་ཟབ་བྱེད་པ། ཞིང་སྡེའི་མི་སྡོད་ཁོར་ཡུག་མངོན་གསལ་གྱིས་ལེགས་སྒྱུར་བྱུང་ཡོད་པ། མཛེས་སྡུག་དང་གནས་སྡོད་ལ་འཚམ་པའི་ཞིང་སྡེའི་འཛུགས་སྐྲུན་ནན་ཏན་གྱིས་སྐུལ་འདེད་བྱེད་པ། མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་ལ་འགྲོ་བ། མཁར་གྲོང་གི་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ནང་རྐྱེན་ཐོག་མར་འཛུགས་པ། ཞིང་སྡེས་ཤེས་ལྡན་མི་སྣ་འགུག་སྟོབས་རིམ་བཞིན་ཇེ་དྲག་ཏུ་འགྱུར་བ། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་བཟང་ཕྱོགས་སུ་བསྐྱོད་པ། ཞིང་ལས་ཀྱི་སྐྱེ་ཁམས་ཞབས་ཞུའི་ནུས་པ་སྔར་ལས་མཐོར་འདེགས་འབྱུང་བ། ཏང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཚན་ཁག་སྔར་ལས་ཇེ་དྲག་ཏུ་གཏོང་བ། གྲོང་གསེབ་ཀྱི་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དང་། ཏང་གི་ཞིང་སྡེའི་བྱ་བའི་མགོ་ཁྲིད་ཀྱི་སྒྲིག་སྲོལ་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་སྡེ་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་པའི་རིགས་ལམ་དང་བྱེད་ཐབས་གཏན་འཁེལ་བྱེད་དགོས།

2035ལོར་སླེབས་པ་ན། གྲོང་གསེབ་དར་སྤེལ་གཏོང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་འགྲོ་དགོས་ལ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གཞི་རྩའི་སྟེང་མངོན་འགྱུར་འབྱུང་དགོས། ཞིང་ལས་གྲུབ་ཚུལ་ལ་རྩ་བའི་རང་བཞིན་གྱི་ལེགས་སྒྱུར་དང་། ཞིང་པའི་ལས་ཞུགས་སྤུས་ཀ་མངོན་གསལ་གྱིས་མཐོར་འདེགས་འབྱུང་བ། ལྟོས་བཅས་ཀྱིས་དབུལ་ཕོངས་ཡིན་པ་སྔར་ལས་ཐག་གཅོད་དང་། ཐུན་མོང་ཕྱུག་འགྱུར་ཕྱོགས་སུ་གོམ་པ་བརྟན་པོ་སྤོ་བ། མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་མཉམ་ཅན་ལ་འགྱུར་ཚད་གཞི་རྩའི་སྟེང་མངོན་འགྱུར་འབྱུང་དགོས་ཤིང་། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ནང་རྐྱེན་སྔར་ལས་འཐུས་ཚང་དུ་གཏོང་བ། ཡུལ་སྲོལ་དཔལ་ཡོན་མཐོ་ཚད་གསར་པར་བསླེབ་པ། གྲོང་གསེབ་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་འགྱུར་བ། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་རྩ་བའི་ཆ་ནས་བཟང་ཕྱོགས་སུ་འགྱུར་བ། མཛེས་སྡུག་དང་གནས་སྡོད་ལ་འཚམ་པའི་གྲོང་གསེབ་གཞི་རྩའི་སྟེང་མངོན་འགྱུར་འབྱུང་དགོས།

2050ལོར་སླེབས་དུས། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་སོང་ཡོད་པ་དང་། ཞིང་ལས་སྟོབས་ལྡན་ཡིན་པ། ཞིང་སྡེར་མཛེས་སྡུག་ལྡན་པ། ཞིང་པ་ཕྱུག་པོར་འགྱུར་བ་བཅས་ཡོངས་སུ་མངོན་འགྱུར་འབྱུང་དགོས།

(གསུམ།)གཞི་རྩའི་རྩ་དོན།

—ཏང་གིས་ཞིང་སྡེའི་བྱ་བར་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གིས་ཞིང་སྡེའི་བྱ་བར་མགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་ཤུགས་སྣོན་དང་། ཏང་གིས་ཞིང་སྡེའི་བྱ་བར་དོ་དམ་བྱེད་པའི་མགོ་ཁྲིད་ཀྱི་སྒྲིག་སྲོལ་ནང་རྐྱེན་དང་ཏང་ནང་གི་ཁྲིམས་སྲོལ་འཐུས་ཚང་བཙུགས་ཏེ། ཏང་གིས་ཞིང་སྡེའི་བྱ་བའི་ཁྲོད་དུས་དང་རྣམ་པ་ཀུན་ཏུ་ཁྱོན་ཡོངས་ལ་གཅིག་འདོམས་བྱེད་པར་ཁག་ཐེག་དང་། ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པར་ཁག་ཐེག་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་བརྟན་ཞིང་ནུས་པ་ལྡན་པའི་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

—ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། གྲོང་གསེབ་དར་སྤེལ་མངོན་འགྱུར་བྱེད་པ་དེ་ཏང་ཡོངས་ཀྱི་ཐུན་མོང་གི་འདོད་བློ་དང་། ཐུན་མོང་གི་བྱ་སྤྱོད་དུ་བརྩིས་ཏེ། ངོས་འཛིན་གཅིག་གྱུར་དང་། གོམ་སྟབས་གཅིག་གྱུར་བྱེད་པ། ལས་བྱེད་པ་སྡེབ་སྒྲིག་ཐད་སྔོན་ལ་བསམ་བློ་གཏོང་བ། གྲུབ་ཆའི་སྡེབ་སྒྲིག་ཐད་སྔོན་ལ་རེ་བ་སྐོང་བ། མ་དངུལ་གཏོང་བའི་ཐད་སྔོན་ལ་འགན་སྲུང་བྱེད་པ། སྤྱི་པའི་ཞབས་ཞུའི་ཐད་སྔོན་ལ་བཀོད་སྒྲིག་བྱས་ཏེ། མགྱོགས་མྱུར་ངང་ཞིང་ལས་དང་ཞིང་སྡེའི་མི་འདང་ས་ཁ་གསབ་བྱེད་དགོས།

—ཞིང་པའི་གཙོ་གཞིའི་གོ་གནས་རྒྱུན་འཁྱོངས་བྱེད་དགོས། ཞིང་པའི་བསམ་འདུན་ལ་བརྩི་འཇོག་གང་ལེགས་བྱས་ཏེ། དངོས་གནས་དྲང་གནས་ཀྱིས་ཞིང་པས་གྲོང་གསེབ་དར་རྒྱས་ཁྲོད་ཀྱི་གཙོ་གཞིའི་བྱེད་ནུས་འདོན་སྤེལ་བྱས་ཏེ། ཞིང་པ་དུང་ཕྱུར་མང་པོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་ལ་སྐུལ་འདེད་དང་། ཞིང་པ་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་དང་། ཞིང་པ་ཐུན་མོང་གི་ཕྱུག་འགྱུར་ལ་སྐུལ་འདེད་བྱ་རྒྱུ་དེ་མགོ་རྩོམ་ས་དང་རྐང་འཛུགས་སར་འགྱུར་དགོས་ལ། ཞིང་པའི་ཡོང་སྒོ་མུ་མཐུད་དུ་འཕར་སྣོན་ལ་སྐུལ་འདེད་བྱས་ཏེ། ཞིང་པའི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་བཅས་མཐོར་འདེགས་སུ་གཏོང་དགོས།

—གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། གྲོང་གསེབ་དར་སྤེལ་གྱི་ཚན་རིག་དང་མཐུན་པའི་ནང་དོན་ལ་རྒྱུས་ལོན་ཡང་དག་བྱས་ཏེ།གྲོང་གསེབ་ཀྱི་བྱེད་ནུས་སྣ་ཚོགས་དང་རིན་ཐང་སྔོག་འདོན་བྱེད་པ། ཞིང་སྡེའི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྲུན། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཏང་གི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་དང་། མཐུན་སྡེབ་རང་བཞིན་དང་། འབྲེལ་བའི་རང་བཞིན། ཁྱོན་ཡོངས་བཀོད་སྒྲིག མཐུན་སྦྱོར་སྐུལ་འདེད་བཅས་ལ་དོ་སྣང་བྱེད་དགོས།

—མཁར་གྲོང་གི་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས། སྒྲིག་སྲོལ་ནང་རྐྱེན་གྱི་ཞན་ཆ་གཏན་མེད་དུ་གཏོང་བ་དང་། ཁྲོམ་ར་ལ་ཐོན་ཁུངས་ལེགས་སྒྲིག་ཁྲོད་ཐག་གཅོད་རང་བཞིན་གྱི་བྱེད་ནུས་འདོན་དུ་འཇུག་པ། སྲིད་གཞུང་གི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ། མཁར་གྲོང་གི་གྲུབ་ཆ་གཙོ་བོ་རང་དབང་ངང་འགུལ་སྐྱོད་དང་། འདྲ་མཉམ་བརྗེ་རེས་ལ་སྐུལ་འདེད་གཏོང་བ། རྣམ་པ་གསར་པའི་བཟོ་ལས་ཅན་དང་། ཆ་འཕྲིན་ཅན། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ཏེ། མགྱོགས་མྱུར་ངང་བཟོ་ཞིང་མཉམ་སྐུལ་དང་། མཁར་གྲོང་གི་ཞན་ཆ་མཉམ་གསབ། ཁྱོན་ཡོངས་མཉམ་འདྲེས། ཐུན་མོང་དར་རྒྱས་ཀྱི་རྣམ་པ་གསར་པའི་བཟོ་ཞིང་དང་མཁར་གྲོང་འབྲེལ་བ་ཆགས་དགོས།

—མི་དང་རང་བྱུང་ཁམས་བར་འཆམ་མཐུན་མཉམ་འཚོ་རྒྱུན་འཁྱོངས་བྱེད་དགོས། ལྗང་མདོག་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་འཛུགས་དང་ལག་ལེན་བྱས་ཏེ། གྲོན་ཆུང་སྔོན་ལ་བྱེད་པ་དང་སྲུང་སྐྱོབ་སྔོན་ལ་བྱེད་པ། རང་བྱུང་སླར་གསོ་གཙོ་བོ་ཡིན་པའི་བྱེད་ཕྱོགས་དངོས་འབེབས་བྱས་ནས།རི་ཆུ་ནགས་གསུམ་ཞིང་ཐང་མཚེའུ་རྩྭ་ཐང་བཅས་མ་ལག་ལྡན་པའི་བཅོས་སྐྱོང་གཅིག་གྱུར་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་བྱེད་པ། ལྗང་མདོག་འཕེལ་རྒྱས་ཀྱི་གྲོང་གསེབ་ཀྱི་དར་རྒྱས་ལ་སྣེ་འཁྲིད་དགོས།

—ཡུལ་བབ་ལ་བསྟུན་པ་དང་གོ་རིམ་ལྟར་གོང་སྤེལ་རྒྱུན་འཁྱོངས་བྱེད་དགོས། ཚན་རིག་དང་མཐུན་པའི་གྲོང་གསེབ་ཀྱི་བར་ཁྱད་རང་བཞིན་དང་འཕེལ་རྒྱས་འགྲོ་སྟངས་དབྱེ་ཕྲལ་ཁྱད་ཆོས་ལ་རྒྱུས་ལོན་དང་། རྩེ་རིམ་ཇུས་འགོད་ལེགས་པོར་སྒྲུབ་པ། འཆར་འགོད་སྔོན་ལ་ལག་ཏུ་བསྟར་བར་གཙིགས་འཛིན་བྱེད་པ། གཙོ་གནད་འབུར་དུ་ཐོན་པ། རིགས་བཀར་གྱིས་བྱེད་ཐབས་ལག་ཏུ་བསྟར་བ། དཔེ་མཚོན་གྱིས་ལམ་སྣ་འཁྲིད་དགོས། རང་ནུས་ཅི་འདོན་དང་སྟོབས་ཤུགས་ཅི་ལྕོགས་བྱེད་པ། གཅིག་ཐོག་གཅིག་བརྩེགས་དང་བརྒྱ་ཁ་གཅིག་ཆོད་མི་བྱེད་པ། ཕྱི་ཚུལ་རིང་ལུགས་མི་བྱེད་པ། སྤྱོད་བཟང་ལ་འགྱུར་བ་མེད་པ། དམ་འཛིན་གྱིས་སྐུལ་འདེད་གཏོང་དགོས།

གསུམ། ཞིང་ལས་འཕེལ་རྒྱས་ཀྱི་སྤུས་ཀ་མཐོར་འདེགས་སུ་བཏང་སྟེ། གྲོང་གསེབ་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་གསོ་སྐྱོང་བྱ་དགོས།

གྲོང་གསེབ་དར་སྤེལ་གཏོང་བར་ཐོན་ལས་གོང་འཕེལ་ནི་གཙོ་བོ་ཡིན། ངེས་པར་སྤུས་ཀར་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བ་དང་། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་སྤེལ་རྒྱུན་འཁྱོངས་དང་། ཞིང་ལས་ཀྱི་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་དེ་ལམ་ཐིག་གཙོ་བོར་བཟུང་ནས། མགྱོགས་མྱུར་ངང་དེང་རབས་ཞིང་ལས་ཐོན་ལས་ཀྱི་མ་ལག་དང་། ཐོན་སྐྱེད་མ་ལག བདག་གཉེར་མ་ལག་བཅས་བཙུགས་ནས། ཞིང་ལས་ཀྱི་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ།གྲུབ་ཆ་ཡོངས་ཀྱི་ཐོན་སྐྱེད་ཚད་བཅས་མཐོར་འདེགས་སུ་བཏང་ནས། མགྱོགས་མྱུར་ངང་ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་ནས་ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བ་མངོན་འགྱུར་འབྱུང་དགོས།

(གཅིག)ཞིང་ལས་ཐོན་སྐྱེད་ནུས་ཤུགས་ཀྱི་རྨང་གཞི་བརྟན་པོར་འདིང་དགོས། 

རྨོ་ཞིང་ལ་བརྟེན་ནས་འབྲུ་རིགས་ཐོན་སྐྱེད་དང་ཚན་རྩལ་ལ་བརྟེན་ནས་འབྲུ་རིགས་ཐོན་སྐྱེད་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། རྨོ་ཞིང་གི་དམར་ཐིག་བརྟན་སྲུང་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་དང་། ཀྲུང་གོ་པས་རང་གི་ཕོར་བ་ལག་ཏུ་བརྟན་པོར་འཛིན་དགོས། གཞི་རྩའི་ཞིང་ས་གཏན་དུ་དམིགས་བསལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་དངོས་འབེབས་བྱས་ནས། མགྱོགས་མྱུར་ངང་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་། ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་སྲུང་སྐྱོབ་ཁུལ་གྱི་དབྱེ་མཚམས་གསལ་འབྱེད་དང་འཛུགས་སྐྲུན་བྱེད་པ་དང་སྲིད་ཇུས་རོགས་སྐྱོར་འཐུས་ཚང་དུ་གཏོང་དགོས། གཞི་རྒྱ་ཆེ་བའི་སྒོ་ནས་ཞིང་སྡེའི་ས་ཞིང་དག་ཐེར་བཅོས་སྐྱོང་དང་ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ།རྨོ་ཞིང་སྤུས་ཀ་བརྟན་འཇགས་ངང་མཐོར་འདེགས་གཏོང་བ་དང་། ལྟ་སྐུལ་དཔྱད་ཞིབ་དང་ས་གནས་སྲིད་གཞུང་གི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས། ས་ཞིང་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཐན་འགོག་ཞོད་འཇགས་དང་འཁྱིལ་ཆུ་བཤང་བའི་ནུས་ཤུགས་མཐོར་འདེགས་གཏོང་དགོས། རྒྱལ་ཁབ་ཞིང་ལས་ཀྱི་ཆུ་གྲོན་འགུལ་སྐྱོད་ལག་བསྟར་བྱས་ཏེ། མགྱོགས་མྱུར་ངང་ཞིང་ཆུ་གཏོང་ཡུལ་ཆ་ཚང་འཛུགས་སྐྲུན་དང་དེང་རབས་ཅན་གྱི་བསྒྱུར་བཀོད་བྱས་ཏེ། ས་ཞིང་ཆུ་བེད་ཆུང་གྲས་ཀྱི་སྒྲིག་བཀོད་ཚད་གཞིར་བསླེབ་པ་དང་སྤུས་ཀ་མཐོར་འདེགས་ལ་སྐུལ་འདེད་བཏང་ནས། གལ་ཆེ་ཞིང་ཕན་ནུས་ལྡན་པའི་ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་པའི་བཟོ་སྐྲུན་གལ་ཆེན་སྐོར་ཞིག་འཛུགས་སྐྲུན་བྱེད་དགོས། མགྱོགས་མྱུར་ངང་རྒྱལ་ཁབ་ཞིང་ལས་ཚན་རྩལ་གསར་གཏོད་མ་ལག་བཙུགས་ཏེ། ལས་རིགས་ཡོངས་ལ་ཁ་ཕྱོགས་པའི་ཚན་རྩལ་གསར་གཏོད་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་ལས་ཚན་རྩལ་གྲུབ་འབྲས་བསྒྱུར་བ་དང་བཀོལ་སྤྱོད་ཁྱབ་སྤེལ་གྱི་བཅོས་བསྒྱུར་གཏིང་ཟབ་བྱེད་དགོས། མགྱོགས་མྱུར་ངང་དེང་རབས་ལོ་ཏོག་དང་། ཕྱུགས་བྱ། ཆུ་ཐོན། ཤིང་ནགས་འདེབས་ལས་འཕེལ་རྒྱས་སུ་བཏང་ནས། རང་བདག་གསར་གཏོད་ནུས་པ་མཐོར་འདེགས་གཏོང་དགོས། ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་གསོ་སྤེལ་རྟེན་གཞི་བསྐྲུན་དགོས། རང་རྒྱལ་གྱི་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཀྱི་ཐོན་ལས་རིགས་སྒྱུར་རིམ་འཕར་ལ་སྐུལ་འདེད་བཏང་སྟེ། ཚན་ཞིབ་ལས་ཁུངས་དང་། སྒྲིག་ཆས་བཟོ་སྐྲུན་ཁེ་ལས་ཀྱི་མཉམ་འབྲེལ་འགག་སྒྲོལ་ལ་ཤུགས་བསྣན་ཏེ། སྔར་ལས་ལྷག་པའི་སྒོ་ནས་ལོ་ཏོག་འབོར་ཆེན་གྱི་འཕྲུལ་ཆས་རྒྱལ་ཐོན་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། མགྱོགས་མྱུར་ངང་དཔལ་འབྱོར་ལོ་ཏོག་དང་།གསོ་སྤེལ་ལས་རིགས། དེའུ་འབུར་ས་ཁུལ་གྱི་ཞིང་ནགས་འཕྲུལ་ཆས་ཞིབ་འཇུག་གསར་སྤེལ་བྱས་ཏེ། རྩེར་སོན་གྱི་ཞིང་འཕྲུལ་སྒྲིག་ཆས་བཟོ་སྐྲུན་འཕེལ་རྒྱས་སུ་གཏོང་དགོས། ཞིང་ལས་གཉེར་མཁན་གྱི་གྲུབ་ཚུལ་ལེགས་སྒྱུར་བྱས་ནས། མགྱོགས་མྱུར་ངང་ཤེས་ཡོན་ཅན་དང་། རྩལ་ནུས་ཅན། གསར་གཏོད་ཅན་གྱི་ཞིང་ལས་བདག་གཉེར་དཔུང་སྡེ་འཛུགས་དགོས། ཤུགས་ཆེན་པོས་གྲངས་ཀ་ཅན་གྱི་ཞིང་ལས་འཕེལ་རྒྱས་སུ་བཏང་ནས། ཤེས་རིག་ཞིང་ལས་ནགས་ལས་ཆུ་བེད་བཟོ་སྐྲུན་ལག་བསྟར་བྱས་ཏེ། དངོས་འབྲེལ་དྲ་བའི་ཚོད་ལྟའི་དཔེ་སྟོན་ཁུལ་དང་རྒྱང་ཚོར་ལག་རྩལ་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་དགོས།

(གཉིས། )སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས།

རྒྱལ་ཁབ་ཀྱི་སྤུས་ཚད་ཞིང་དར་འཐབ་ཇུས་འཆར་འགོད་གཏན་འཁེལ་དང་ལག་བསྟར་བྱས་ཏེ། སྤུས་ཚད་ཞིང་དར་གདེང་འཇོག་མ་ལག་དང་། སྲིད་ཇུས་མ་ལག ལས་ཀའི་མ་ལག་དང་དཔྱད་ཞིབ་མ་ལག་བསྐྲུན་དགོས། ཞིང་ལས་ལྗང་མདོག་ཅན་དང་། སྤུས་ལེགས་ཅན། ཁྱད་ཆོས་ཅན། ཚོང་རྟགས་ཅན་བཅས་སྐུལ་སྤེལ་གཏིང་ཟབ་བྱས་ནས། ཞིང་ལས་ཐོན་སྐྱེད་ནུས་ཤུགས་ལེགས་སྒྱུར་གྱི་བཀོད་སྟངས་སྙོམ་སྒྲིག་བྱས་ཏེ། ཞིང་ལས་ཐོན་འཕར་གྱི་ཕྱོགས་ནས་སྤུས་ཀ་མཐོར་འདེགས་ཀྱི་ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཁྱད་ལྡན་ཞིང་ལས་ཐོན་རྫས་ལེགས་ཆ་ལྡན་པའི་ས་ཁུལ་གསར་སྐྲུན་ལ་སྐུལ་འདེད་བཏང་ནས། དེང་རབས་ཀྱི་ཞིང་ལས་ཐོན་ལས་གླིང་དང་། ཞིང་ལས་ཚན་རྩལ་གླིང་འཛུགས་དགོས། ཐོན་ལས་ལ་བརྟེན་ནས་སྡེ་བ་དར་སྤེལ་དང་རྫོང་ཁག་སྟོབས་ལྡན་དུ་བསྒྱུར་བའི་འགུལ་སྐྱོད་ལག་ཏུ་བསྟར་ཏེ། ཚད་གཞི་ཅན་གྱི་ཐོན་སྐྱེད་སྐུལ་སྤེལ་དང་། ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་གསོ་སྐྱོང་། ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་རྫས་ལ་སྲུང་སྐྱོབ། སྡེ་བ་རེ་ལ་ཐོན་རྫས་རེ་དང་། རྫོང་ཁག་རེ་ལ་ལས་རིགས་རེའི་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་དགོས། མགྱོགས་མྱུར་ངང་དེང་རབས་ནུས་ལྡན་ནགས་ལས་སྤེལ་བ་དང་། ནགས་ལས་དར་ཞིང་མང་ཚོགས་ཕྱུག་པའི་འགུལ་སྐྱོད་ལག་བསྟར་བྱས་ཏེ། ནགས་ཚལ་སྐྱེ་ཁམས་ཀྱི་མཚོན་རྟགས་ཐོན་རྫས་འཛུགས་སྐྲུན་བཟོ་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རྩི་ཤིང་ལ་ནད་འབུའི་གནོད་འཚེ་དང་། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་གི་མ་ལག་བསྐྲུན་པར་ཤུགས་སྣོན་དགོས། གསོ་སྤེལ་ལས་རིགས་ཀྱི་བར་སྟོང་བཀོད་སྟངས་ལེགས་སྒྱུར་བྱས་ཏེ། ཤུགས་ཆེན་པོས་ལྗང་མདོག་སྐྱེ་ཁམས་ཀྱི་བདེ་ཐང་གསོ་སྤེལ་ཡར་རྒྱས་བཏང་ནས། མི་རིགས་ཀྱི་འོ་མའི་ཐོན་ལས་ཆེ་ཞིང་སྟོབས་ལྡན་དུ་བསྒྲུབ་དགོས། རྒྱ་མཚོའི་ཉ་ལས་ཐོན་ཁུངས་གསར་སྤེལ་གཅིག་གྱུར་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཉེ་རྒྱང་རྒྱ་མཚོའི་གསོ་སྤེལ་དང་རྒྱང་རིང་རྒྱ་མཚོའི་ཉ་ལས་བཀོད་སྒྲིག་བྱས་ཏེ། དེང་རབས་ཅན་གྱི་རྒྱ་མཚོའི་ཕྱུགས་ར་འཛུགས་དགོས། ཐོན་ལས་དང་ཚན་རིག ཞིབ་འཇུག་བཅས་གཅིག་ཏུ་འདྲེས་པའི་ཞིང་ལས་ཚན་རྩལ་གསར་གཏོད་མནའ་འབྲེལ་བཙུགས་ཏེ། ཞིང་ལས་ཀྱི་ལྗང་མདོག་སྐྱེ་ཁམས་ལ་ཤུགས་སྣོན་དང་། སྤུས་མཐོ་ནུས་ལྡན་གྱི་ལག་རྩལ་གསར་སྤེལ་དང་བཀོལ་སྤྱོད་བྱེད་དགོས། དངོས་སུ་ས་རྒོད་གསར་སྦོལ་གྱིས་སྤུས་ཚད་ཞིང་དར་ཁྲོད་ཀྱི་མགོ་ཁྲིད་སྣེ་འདྲེན་བྱེད་ནུས་འདོན་སྤེལ་བྱེད་དགོས། ཟས་རིགས་བདེ་འཇགས་འཐབ་ཇུས་ལག་ཏུ་བསྟར་ཏེ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་ཟས་རིགས་བདེ་འཇགས་ཀྱི་ཚད་གཞིའི་མ་ལག་འཐུས་ཚང་དུ་བཏང་ནས། ཞིང་ལས་ཐད་ཀྱི་གཏོང་འཇོག་དངོས་རྫས་དང་ཞིང་ལས་ཐོན་རྫས་སྤུས་ཀའི་བདེ་འཇགས་ཁུངས་འདེད་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་བསྐྲུན་ཏེ། གཞི་རིམ་ལྟ་སྐུལ་ནུས་པ་མཐོར་འདེགས་གཏོང་བ་གཙོ་གནད་དུ་འཛིན་དགོས།

(གསུམ།)ཞིང་སྡེའི་ཐོན་ལས་དང་པོ་དང་། གཉིས་པ།གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་མ་ལག་འཛུགས་དགོས།

ཤུགས་ཆེན་པོས་ཞིང་ལས་ཀྱི་སྣ་མང་བྱེད་ནུས་གསར་སྤེལ་དང་། ཐོན་ལས་འབྲེལ་ཐག་གི་རྒྱུན་སྲིང་བ། རིན་ཐང་འབྲེལ་ཐག་ཇེ་མཐོར་གཏོང་བ། ཁེ་ཕན་འབྲེལ་ཐག་འཐུས་ཚང་དུ་གཏོང་དགོས་པ་དང་། མ་སྲུང་ཁེ་སྤོགས་བགོ་བ་དང་། མ་རྐང་མཉམ་ལས། སྐྱེད་ཀ་ཕྱིར་སློག་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་དེ། ཞིང་པ་རྣམས་ལ་འོས་འཚམ་གྱིས་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་རིན་འཕར་ཁེ་ཕན་མཉམ་རོལ་བྱེད་དུ་འཇུག་དགོས། ཞིང་ལས་ཐོན་རྗས་ལས་སྣོན་ལས་རིགས་གོང་མཐོར་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ། ཁེ་ལས་ཟླ་སྒྲིལ་བསྐྱར་སྒྲིག་ལ་སྐུལ་འདེད་དང་། ཐོན་ལས་རྗེས་ལུས་རྣམས་འདོར་ལེན་བྱེད་པ། ཐོན་ལས་ས་ཁུལ་གཙོ་བོའི་ཞིང་ལས་ཐོན་རྫས་ས་དེར་ལས་སྣོན་རིམ་བསྒྱུར་གྱིས་རིན་ཐང་འཕར་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཞིང་ལས་ཐོན་རྫས་ཕྱིར་འཚོང་ཁྲོད་ཀྱི་གནད་དོན་ཚབས་ཆེན་ཐག་གཅོད་པ་དེ་གཙོ་གནད་དུ་འཛིན་དགོས་ལ། ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱས་རྗེས་རིམ་པ་དབྱེ་བ་དང་། ཐུམ་རྒྱག་པ། ཚོང་གཉེར་བྱེད་པ་བཅས་ལ་ཤུགས་བསྣན་ཏེ། དེང་རབས་ཅན་གྱི་ཞིང་ལས་ཐོན་རྫས་འཁྱག་འབྲེལ་མཛོད་གསོག་དངོས་རྫས་མ་ལག་བསྐྲུན་ཏེ། ཞིང་ལས་ཐོན་རྫས་ཕྱིར་འཚོང་གི་སྤྱི་པའི་ཞབས་ཞུའི་སྟེགས་བུ་བསྐྲུན་ཏེ། མཁོ་འཚོང་དང་། སྦྲག་སྲིད། ཁེ་ལས་གཞན་དག་བཅས་ཀྱིས་ཞབས་ཞུའི་དྲ་ཚིགས་གྲོང་གསེབ་ཏུ་བསྲིང་བར་རྒྱབ་སྐྱོར་དང་། ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ཉོ་འཚོང་སྦྲེལ་མཐུད་བརྟན་པོ་ཡོང་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་གཞི་རྒྱ་ཆེ་བ་དང་། ཞིང་སྡེའི་གློག་རྡུལ་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་ཐུབ་པའི་རྨང་གཞིའི་སྒྲིག་བཀོད་བསྐྲུན་ཏེ། རིགས་འདྲ་མིན་གྱི་ཁྲོམ་རའི་གཙོ་གཞིས་གསར་གཏོད་འཕེལ་རྒྱས་དེ་མཉམ་འབྲེལ་དྲ་ཚིགས་ལ་བརྟེན་པའི་རྣམ་པ་གསར་པའི་ཞིང་ལས་ཐོན་ལས་ཀྱི་དཔེ་དབྱིབས་ལ་རྒྱབ་སྐྱོར་བྱས་ཏེ། གློག་རྡུལ་ཚོང་ལས་ཞིང་སྡེའི་ཕྱོགས་བསྡུས་དཔེ་སྟོན་དུ་བསྐྱོད་པ་ལག་བསྟར་བཟང་པོ་བྱེད་པ་དང་། མགྱོགས་མྱུར་ངང་ཞིང་སྡེའི་འཁོར་རྒྱུག་དེང་རབས་ཅན་ལ་སྐུལ་སྤེལ་བྱེད་དགོས། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་སྤུས་ལེགས་བཟོ་སྐྲུན་ལག་ཏུ་བསྟར་ཏེ། སྒྲིག་བཀོད་ཆ་ཚང་ཞིང་བྱེད་ནུས་མང་བའི་སྤྲོ་གསེང་ལྟ་སྐོར་གླིང་ཁུལ་དང་། ནགས་ཚལ་དུད་ཁྱིམ། ཁམས་གསོ་རྟེན་གཞི། གྲོང་གསེབ་ཞག་འདུག ཁྱད་ལྡན་གྲོང་རྡལ་སྐོར་ཞིག་འཛུགས་སྐྲུན་བྱེད་དགོས། ཞིང་པའི་བེད་མེད་ཁང་པ་དག་བཀོལ་སྤྱོད་བྱས་ཏེ་ཞག་འདུག་འཕེལ་རྒྱས་སུ་གཏོང་བ་དང་། རྒན་གསོ་སོགས་ཀྱི་ལས་གཞི་སྤེལ་ཏེ། མེ་གསོད་དང་། ཁྱད་ལྡན་ལས་རིགས་བདག་གཉེར་སོགས་ཀྱི་ཁྱབ་ཁོངས་ཚོང་རར་ཞུགས་སྟབས་བདེ་བར་ཞིབ་འཇུག་དང་སྲིད་ཇུས་བཏོན་ཏེ། དོན་དག་གི་མགོ་མཇུག་བར་གསུམ་ལ་ལྟ་སྐུལ་བྱེད་པའི་དོ་དམ་བྱེད་ཐབས་ལ་ཤུགས་སྣོན་དགོས། གྲོང་གསེབ་ཀྱི་མཉམ་སྤྱོད་དཔལ་འབྱོར་དང་། གསར་གཏོད་ཞིང་ལས། ཁྱད་ལྡན་རིག་གནས་ཐོན་ལས་བཅས་འཕེལ་རྒྱས་སུ་གཏོང་དགོས།

(བཞི། )ཞིང་ལས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆགས་སྟངས་གསར་པ་འཛུགས་དགོས། 

ཐོན་ཁུངས་སྡེབ་སྦྱོར་ལེགས་སྒྲིག་དང་། ནུས་ཤུགས་གང་ཡོད་ཀྱིས་མ་གནས་གསོག་འཇོག་དང་ཕན་འབྲས་ཇེ་མཐོར་གཏོང་དགོས་ལ། རང་རྒྱལ་གྱི་ཞིང་ལས་ཐོན་རྫས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་དགོས། ཁྱད་ལྡན་ལེགས་ཆ་ལྡན་པའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་གི་འགུལ་སྐྱོད་མཐོར་འདེགས་གཏོང་བ་ལག་ཏུ་བསྟར་ནས། ཟུར་སྣོན་རིན་ཐང་ཆེ་བའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་རྒྱ་བསྐྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་ཐོན་རྫས་ནང་འདྲེན་སྒྲིག་གཞི་དང་འབྱུང་ཁུངས་ཇེ་ལེགས་སུ་བཏང་ནས། འོས་འཚམ་གྱིས་རྒྱལ་ནང་ལ་ཉེ་བར་མཁོ་བའི་ཞིང་ལས་ཐོན་རྫས་ནང་འདྲེན་ལ་ཤུགས་སྣོན་དང་། ནང་འདྲེན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་ལྟ་སྐུལ་དམ་འཛིན་བྱེད་དགོས། རང་རྒྱལ་གྱི་ཞིང་ལས་ཉོ་ཚོང་སྲིད་ཇུས་མ་ལག་འཐུས་ཚང་དུ་བསྐྲུན་ཏེ། ཞིང་ལས་ཐོན་རྫས་ཀྱི་སྒོ་ཁྲལ་ཚད་སྡེབ་དོ་དམ་དང་། སྲོག་ཆགས་དང་རྩི་ཤིང་བརྟག་དཔྱད་ནད་བཤེར། ཞིང་ལས་ཉོ་ཚོང་གྲོས་མོལ། ཞིང་ལས་ཐོན་རྫས་ཉོ་འཚོང་རྒུད་སྐྱོབ་སོགས་ཀྱི་ཐད་ནས་མཐུན་སྦྱོར་བྱ་བ་སྒྲུབ་པར་ཤུགས་སྣོན་དགོས། “རྒྱུད་གཅིག་ལམ་གཅིག”འགྲམ་རྒྱུད་ཀྱི་རྒྱལ་ཁབ་དང་ས་ཁུལ་གྱི་ཞིང་ལས་ཐོན་རྫས་ཉོ་འཚོང་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། འགྲམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྲུ་ཁ། མཛོད་ཉར། དངོས་ཟོག་འཁོར་རྒྱུག་སྒྲིག་བཀོད་སོགས་ཀྱི་འཐབ་ཇུས་རང་བཞིན་གྱི་བཀོད་སྟངས་ལ་ཤུགས་སྣོན་དགོས། ཧུར་ཐག་སྒོས་ཞིང་ལས་ཕྱི་ལ་བསྐྱོད་པར་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཅན་གྱི་འབྲུ་རིགས་འབོར་ཆེན་ཚོང་ཁང་དང་ཞིང་ལས་ཁེ་ལས་ཚོགས་པ་གསོ་སྐྱོང་བྱེད་དགོས། རྒྱལ་ནང་ཚོང་ཟོག་དུས་བཅད་ཉོ་ཚོང་སུའོ་ཡི་རྒྱུ་སྟོབས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། རིམ་བཞིན་རང་རྒྱལ་གྱི་དུས་བཅད་ཚོང་ཟོག་ཁྲོམ་ར་ཕྱི་ལ་སྒོ་འབྱེད་རྒྱ་བསྐྱེད་དང་། ཚོང་ཟོག་འབོར་ཆེན་གྱི་རྒྱལ་སྤྱིའི་རིན་གོང་ཐག་གཅོད་དབང་ཆ་དང་རྒྱལ་སྤྱིའི་ཉོ་ཚོང་གཏམ་དབང་ཇེ་དྲག་ཏུ་གཏོང་དགོས། ཧུར་ཐག་སྒོས་འཛམ་གླིང་འབྲུ་རིགས་བདེ་འཇགས་བཅོས་སྐྱོང་དང་ཞིང་ལས་ཉོ་ཚོང་སྒྲིག་སྲོལ་ཐག་གཅོད་བྱེད་པའི་ཁྲོད་ཞུགས་ཏེ། སྔར་ལས་ལྷག་པའི་དྲང་བདེན་འོས་མཐུན་གྱི་ཞིང་ལས་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་སྲོལ་ཆགས་པར་སྐུལ་སྤེལ་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་ཐོན་རྫས་ལྐོག་འཚོང་ལ་ངོ་རྒོལ་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།

(ལྔ)ཞིང་ཁྱིམ་ཆུང་བ་དང་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་སྦྲེལ་མཐུད་འཚམ་པོ་ཡོང་བར་སྐུལ་ལྕག་བྱེད་དགོས། 

གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་སྒོས་རྣམ་པ་གསར་པའི་ཞིང་ལས་བདག་གཉེར་གཙོ་གཞི་གསོ་སྐྱོང་དང་ཞིང་ཁྱིམ་ཆུང་བར་རྒྱབ་སྐྱོར་བྱས་ཏེ། དམིགས་གཏད་རང་བཞིན་ལྡན་པའི་བྱེད་ཐབས་བཀོལ་བ་དང་། ཞིང་ལས་ཆུང་བའི་ཐོན་སྐྱེད་དེ་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་འཁོར་ལམ་སྟེང་ཚུར་འདྲེན་དགོས། རིགས་སོ་སོའི་ཆེད་ལས་ཅན་དང་ཚོང་ར་ཅན་གྱི་ཞབས་ཞུའི་རྩ་འཛུགས་གསོ་སྐྱོང་བྱས་ཏེ། ཞིང་ལས་ཐོན་སྐྱེད་ཧྲིལ་པོ་སྤྱི་ཚོགས་ཅན་གྱི་ཞབས་ཞུར་འགྱུར་བར་སྐུལ་འདེད་གཏོང་དགོས་ལ། ཞིང་ཁྱིམ་ཆུང་བ་ལ་རོགས་སྐྱོར་བྱས་ཏེ་མ་གནས་གྲོན་ཆུང་དང་ཕན་ནུས་ཇེ་མཐོར་གཏོང་དགོས། སྣ་མང་གི་མཉམ་ལས་དང་མཉམ་འབྲེལ་འཕེལ་རྒྱས་བཏང་ནས། ཞིང་ཁྱིམ་ཆུང་བ་རྩ་འཛུགས་ཅན་དུ་འགྱུར་ཚད་མཐོར་འདེགས་གཏོང་དགོས། རྣམ་པ་གསར་པའི་ཞིང་ལས་བདག་གཉེར་གཙོ་གཞིའི་སྣེ་ཁྲིད་བྱེད་ནུས་འདོན་པར་དོ་སྣང་དང་། ས་ཁོངས་སྤྱི་པའི་ཚོང་རྟགས་གྲགས་ཅན་བཟོ་བ་དང་། ཞིང་ཁྱིམ་དང་རང་འདེམ་ཚོང་ཁང་བར་འབྲེལ་བ། ཞིང་ཁྱིམ་དང་སྡེ་ཁུལ་འབྲེལ་ཏེ། ཞིང་ཁྱིམ་ཆུང་བ་ཁྲོམ་ར་དང་འབྲེལ་མཐུད་ཡོང་བར་རོགས་རམ་བྱེད་དགོས། ཞིང་ཁྱིམ་ཆུང་བས་སྐྱེ་ཁམས་ཞིང་ལས་དང་། སྒྲིག་བཀོད་ཞིང་ལས། རོལ་མྱོང་ཞིང་ལས། སྒྲིག་སྲོལ་གཏན་འཁེལ་གྱི་ཞིང་ལས་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་དང་། ཐོན་རྫས་ཀྱི་རིམ་ཚད་དང་ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་བ། ཡོང་སྒོ་འཕར་སྣོན་གྱི་བར་སྟོང་རྒྱ་བསྐྱེད་དགོས། ཞིང་ཁྱིམ་ཆུང་བའི་ཐོན་སྐྱེད་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བསྒྱུར་བྱས་ཏེ། ཞིང་ཁྱིམ་ཆུང་བའི་ཉེན་འགོག་ནུས་ཤུགས་གོང་མཐོར་གཏོང་བ་དང་ཞིང་ཆུང་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བསམ་འཆར་ལ་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས།

བཞི། གྲོང་གསེབ་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་འཚོའི་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་བསྐྲུན་དགོས།

གྲོང་གསེབ་དར་རྒྱས་ཡོང་བར་སྐྱེ་ཁམས་གནས་བདེ་ནི་གནད་འགག་ཡིན། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཞིང་སྡེའི་ཆེས་ཆེ་བའི་ལེགས་ཆ་དང་ནོམ་པ་རྩ་ཆེན་ཡིན་པས། ངེས་པར་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོབ་བཅས་བྱས་ཏེ། གྲོང་གསེབ་ཀྱི་རང་བྱུང་མ་རྩ་མགྱོགས་མྱུར་ངང་རིན་ཐང་འཕར་བར་སྐུལ་འདེད་བྱེད་པ་དང་མང་ཚོགས་འབྱོར་ཕྱུག་ལྡན་པ་དང་། སྐྱེ་ཁམས་མཛེས་པའི་གཅིག་གྱུར་མངོན་འགྱུར་བྱེད་དགོས།

(གཅིག)རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་ལྡན་པའི་བཅོས་སྐྱོང་གཅིག་གྱུར་བྱེད་དགོས། 

རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་རྣམས་ཚེ་སྲོག་གི་ཐུན་མོང་ཕུང་པོ་ཞིག་ཡིན་པས། གཅིག་གྱུར་སྲུང་སྐྱོབ་དང་གཅིག་གྱུར་སླར་གསོ་བྱེད་དགོས། གལ་ཆེའི་སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་ལག་བསྟར་བྱེད་དགོས། རྨོ་ཞིང་དང་རྩྭ་ཐང་ནགས་ཚལ་ཆུ་རྒྱུན་མཚེའུ་བཅས་ཀྱི་སྐྱེ་འཕེལ་སླར་གསོའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། རིགས་དབྱེ་དང་གོ་རིམ་ལྡན་པའི་ངང་ནས་ཚད་བརྒལ་གྱི་མུ་མཐའི་ཐོན་ནུས་ཕྱིར་འཕུད་དགོས། རྨོ་ཞིང་རེས་མོས་ཀྱིས་ཞིང་ཁ་འདེབས་འཇོག་གི་ལམ་ལུགས་ཚོད་ལྟ་རྒྱ་བསྐྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་གཙང་པོ་དང་མཚོ་དང་མཚེའུའི་ནང་དུ་ཉ་རིགས་འཛིན་པར་ཚོད་འཛིན་དང་གཏན་འགོག་ས་ཁུལ་གྱི་དབྱེ་མཚམས་འབྱེད་པ་དང་། ཆུ་ཐོན་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཆུའི་ཐོན་ཁུངས་འཛད་གྲོན་གྱི་སྤྱིའི་ཚད་དང་དྲག་ཚད་ཕྱོགས་གཉིས་ཀར་ཚོད་འཛིན་པའི་འགུལ་སྐྱོད་ལག་བསྟར་བྱེད་དགོས། གཙང་པོ་དང་མཚེའུའི་ཆུ་ལག་འབྲེལ་མཐུད་དང་ཞིང་སྡེའི་ཆུ་རྫིང་གཙང་ཉར་བཅོས་སྐྱོང་བྱས་ཏེ། ཁྱོན་ཡོངས་ནས་ཆུ་བདག་ལམ་ལུགས་ལག་བསྟར་དང་། མཚེའུ་བདག་ལམ་ལུགས་ལག་བསྟར་བྱེད་དགོས། ཞིང་ལས་ཆུ་རིན་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་ཤུགས་སྣོན་དགོས། རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་སྤེལ་ཏེ། བྱེ་ཐང་ཅན་དང་། རྡོ་ཟེགས་ཅན། ཆུ་ཤོར་ས་ཉིལ་བཅས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་དགོས། བརླན་སའི་སྲུང་སྐྱོབ་དང་སླར་གསོར་ཤུགས་བརྒྱབ་སྟེ། མུ་མཐུད་དུ་རྨོ་བསྐྱུར་བརླན་བསྒྱུར་བྱེད་དགོས། རང་བྱུང་ནགས་ཚལ་སྲུང་སྐྱོབ་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས། རང་བྱུང་ནགས་ཚལ་ཡོད་ཚད་སྲུང་སྐྱོབ་ཁྱབ་ཁོངས་ནང་འཇོག་དགོས། རྨོ་བསྐྱུར་ནགས་འཛུགས་རྩྭ་འདེབས་དང་། ཕྱུགས་བསྐྱུར་རྩྭ་འདེབས་རྒྱ་བསྐྱེད་དེ། གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཡུན་ཕན་ནང་རྐྱེན་འཛུགས་དགོས། མུ་མཐུད་དུ་བྱང་གསུམ་འགོག་སྲུང་ཤིང་ནགས་མ་ལག་འཛུགས་སྐྲུན་སོགས་ནགས་ལས་ཀྱི་གལ་ཆེའི་བཟོ་སྐྲུན་ལག་བསྟར་དང་། ནགས་ཚལ་སྤུས་ཀ་གནད་ཁེལ་གོང་མཐོར་གཏོང་བའི་བཟོ་འགོད་ལག་བསྟར་བྱེད་དགོས། མུ་མཐུད་དུ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱེད་དགོས་པ་དང་། སྐྱེ་ཁམས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་གལ་ཆེན་བཟོ་འགོད་ལག་ཏུ་བསྟར་ཏེ། ཕྱི་ཡོང་སྐྱེ་དངོས་ཀྱི་གནོད་འཚེར་སྔོན་འགོག་བཟང་པོ་བྱེད་དགོས།

(གཉིས།)ཞིང་སྡེའི་ཁོར་ཡུག་གི་འབུར་ཐོན་གནད་དོན་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དགོས། 

ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པར་ཤུགས་སྣོན་པ་དང་། ཞིང་སྡེའི་ལྗང་མདོག་འཕེལ་རྒྱས་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་ཏེ། གཏོང་རྫས་ཉུང་འཕྲི་ཅན་དང་། ཐོན་སྐྱེད་དྭངས་གཙང་ཅན། དོར་བའི་དངོས་རྫས་ཐོན་ཁུངས་ཅན། ཐོན་ལས་རྣམ་པ་སྐྱེ་ཁམས་ཅན་དུ་འགྱུར་བ་བཅས་མངོན་འགྱུར་བྱེད་དགོས། སྐྱེ་ལྡན་ལུད་ཀྱིས་སྨན་ལུད་ཀྱི་ཚབ་བྱེད་པ་དང་། ཕྱུགས་བྱའི་བཤང་གཅི་སྙིགས་རོ་ཐག་གཅོད་བྱེད་པ། ཞིང་ལས་ལོ་ཏོག་གི་སོག་མ་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་པ། ཞིང་བཀོལ་འགྱིག་ཤོག་ཚུར་སྡུད་བྱེད་པ། ནད་འབུའི་གནོད་པ་ལྗང་མདོག་སྔོན་འགོག་ཚོད་འཛིན་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་བཙོག་ཆུ་བཅོས་སྐྱོང་དང་ཞིང་སྡེའི་འཐུང་ཆུའི་ཆུ་མགོ་ལ་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ཏེ། ཞིང་སྡེའི་ཆུ་ཕྲན་འབབ་རྒྱུན་གྱི་དྭངས་གཙང་སྐྱེ་ཁམས་འཛུགས་སྐྲུན་ལག་བསྟར་བྱེད་དགོས། ཀྲུང་ཧྭ་བྱང་རྒྱུད་ཀྱི་ས་འོག་ཆུ་ཡི་ཚད་བརྒལ་སྔོག་འདོན་བྱེད་ཁུལ་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། ལྕགས་རིགས་ལྕི་གྲས་ཀྱིས་རྨོ་ཞིང་ལ་སྦགས་བཙོག་བཟོ་བར་སྔོན་འགོག་ཚོད་འཛིན་དང་ཉམས་གསོ་བྱེད་པར་སྐུལ་འདེད་བཏང་སྟེ། ས་གཤིན་གྱི་སྦགས་བཙོག་བཅོས་སྐྱོང་དང་ཉམས་གསོ་ལག་རྩལ་བཀོལ་སྤྱོད་བྱེད་པའི་ཚོད་ལྟ་བྱེད་གནས་རྒྱ་ཆེར་སྤེལ་བ་དང་། བྱང་ཤར་ས་ནག་གི་སྲུང་སྐྱོབ་ཤུགས་ཚད་ཆེ་རུ་གཏོང་དགོས་ལ། འབབ་རྒྱུད་ཁོར་ཡུག་དང་མཚོ་རྒྱུད་འགྲམ་ངོགས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་ལག་བསྟར་བྱེད་དགོས། བཟོ་ལས་དང་གྲོང་རྡལ་གྱི་སྦགས་བཙོག་ཞིང་ལས་དང་ཞིང་སྡེ་རུ་གནས་སྤོ་བྱེད་པར་ནན་འགོག་བྱ་དགོས།ཞིང་སྡེའི་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྫོང་ཞང་རིམ་པ་གཉིས་ཀྱི་ཞིང་སྡེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་དགོས།

(གསུམ།)ཚོང་ར་ཅན་དང་སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་ནང་རྐྱེན་འཛུགས་དགོས།

 ཞིང་ལས་བྱེད་ནུས་ཁུལ་གྱི་ལམ་ལུགས་དངོས་འབེབས་བྱེད་པ་དང་། སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོའི་གནས་སྤོ་གཏོང་སྤྲོད་ཀྱི་ཤུགས་ཚད་ཆེ་རུ་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་གྲུབ་འབྲས་དང་མ་དངུལ་བགོ་བཤའ་དང་འབྲེལ་བའི་སྐུལ་ལྕག་འཆུན་འདོམས་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ས་གནས་ཀྱིས་སྐྱེ་ཁམས་ཡུལ་ཕྱོགས་གཙོ་བོ་ནས་ཚོང་ཟོག་ནགས་ཚལ་བླུ་ཉོ་བྱེད་པའི་ལམ་ལུགས་སྤེལ་བར་སྐུལ་འདེད་བྱེད་དགོས། ས་ཁུལ་ཕན་ཚུན་བར་དང་འབབ་རྒྱུད་སྟོད་སྨད་གཉིས་བར་གྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། སྐྱེ་ཁམས་ཐོན་རྫས་ཉོ་སྒྲུབ་དང་ནགས་ཚལ་གྱི་ཐཱན་རྫས་སྡུད་ཚད་སོགས་ཀྱི་ཚོང་ར་ཅན་གྱི་ཁ་གསབ་ལམ་ལུགས་འཛུགས་པར་འཚོལ་ཞིབ་བྱེད་དགོས་པ་དང་། འབྲི་ཆུའི་འབབ་རྒྱུད་ཀྱི་ཆུ་ཁོངས་གཙོ་བོ་རུ་ཉ་འཛིན་མི་ཆོག་པའི་ཁ་གསབ་ལམ་ལུགས་འཛུགས་དགོས། སྐྱེ་ཁམས་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པར་རྒུད་གསབ་ལས་སྤྲོད་ཀྱི་བྱེད་ཐབས་ཁྱབ་སྤེལ་དུ་བཏང་ནས། སྔར་ལས་མང་པོའི་སྐྱེ་ཁམས་སྤྱི་ཕན་ལས་གནས་འདོན་སྤྲོད་བྱེད་དགོས།

(བཞི།)ཞིང་ལས་སྐྱེ་ཁམས་ཐོན་རྫས་དང་ཞབས་ཞུ་མཁོ་སྤྲོད་ལ་ཁ་སྣོན་བྱེད་དགོས། 

གསར་སྤེལ་དང་སྲུང་སྐྱོབ་གཉིས་ཀྱི་འབྲེལ་བ་ཡང་དག་པར་ཐག་གཅོད་བྱེད་པ་དང་། དེང་རབས་ཚན་རྩལ་དང་དོ་དམ་གྱི་བྱེད་ཐབས་བཀོལ་སྤྱོད་བྱས་ཏེ། གྲོང་གསེབ་ཀྱི་སྐྱེ་ཁམས་ལེགས་པོ་དེ་ཉིད་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་རུ་བསྒྱུར་ཏེ། སྔར་ལས་མང་ཞིང་བཟང་བའི་ལྗང་མདོག་སྐྱེ་ཁམས་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་བྱས་ནས། སྐྱེ་ཁམས་དང་དཔལ་འབྱོར་གཉིས་འཁོར་སྐྱོད་བཟང་པོ་བྱེད་པར་སྐུལ་སྤེལ་བྱེད་དགོས། ནགས་ཚལ་རྩྭ་ཐང་ཡུལ་སྐོར་དང་མཚོ་ཁའི་བརླན་སའི་ལྟ་སྐོར། འཁྱགས་རོམ་མཚོ་ངོས་ལུས་རྩལ། རི་སྐྱེས་སྲོག་ཆགས་འདུལ་གསོ་བྱེད་པའི་ལྟ་གཟིགས་སོགས་ཀྱི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་བཏང་སྟེ། ཧུར་ཐག་སྒོས་ལྟ་སྐོར་ཞིང་ལས་དང་འཁྱམ་རྩེད་ངལ་གསོ། བདེ་ཐང་ལུས་གསོ། སྐྱེ་ཁམས་སློབ་གསོ་སོགས་ཀྱི་ཞབས་ཞུ་གསར་སྤེལ་བྱེད་དགོས། ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་སྡེ་གྲོང་དང་སྤུས་ལེགས་བགྲོད་ལམ་སྐོར་ཞིག་གསར་འཛུགས་བྱས་ཏེ། ལྗང་མདོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲོང་གསེབ་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འབྲེལ་ཐག་བསྐྲུན་དགོས།

ལྔ། ཞིང་སྡེ་རིག་གནས་དར་རྒྱས་གོང་འཕེལ་དུ་བཏང་སྟེ། ཡུལ་སྲོལ་དཔལ་ཡོན་ཅན་གྱི་རྣམ་པ་གསར་པ་རྒྱས་སུ་འཇུག་དགོས།

གྲོང་གསེབ་དར་སྤེལ་གཏོང་བར་ཡུལ་སྲོལ་དཔལ་ཡོན་ཅན་ནི་དེའི་འགན་སྲུང་ཡིན་པས། ངེས་པར་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་མཉམ་གཅིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་པའི་བསམ་བློའི་རྣམ་པ་མཐོར་འདེགས་སུ་གཏོང་དགོས་ལ། ཡུལ་སྲོལ་དཔལ་ཡོན་ཅན་དང་ཁྱིམ་སྲོལ་ཡ་རབས་ཚུལ་མཐུན་ཅན། དམངས་སྲོལ་གཞུང་དྲང་བབ་ཆགས་ཅན་བཅས་གསོ་སྐྱོང་བྱས་ཏེ། རྒྱུན་ཆད་མེད་པར་གྲོང་གསེབ་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས།

(གཅིག)ཞིང་སྡེའི་བསམ་བློའི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། 

སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ནི་སྣེ་འདྲེན་དུ་བརྩིས་ཏེ། སློབ་གསོས་ཁྲིད་སྟོན་དང་ལག་ལེན་ཁྲོད་གོམས་པར་བྱེད་པ། ལམ་ལུགས་ཀྱི་འགན་སྲུང་ཡོད་པ་བཅས་གསུམ་པོ་མཉམ་གཅིག་ཏུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཞིང་སྡེའི་ཁྱད་ཆོས་དང་མཐུན་པའི་ནུས་ལྡན་བྱེད་སྟངས་བེད་སྤྱད་དེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་འདུན་མའི་དྲིལ་སྒྲོག་སློབ་གསོ་ཟབ་སྤེལ་བྱེད་དགོས་ཤིང་། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་དགོས། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོར་ཤུགས་བསྣན་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཟབ་སྤེལ་བྱེད་པ་དང་། ཞིང་སྡེའི་བསམ་བློའི་རིག་གནས་གཡུལ་ས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་བཟོ་འགོད་གཏིང་ཟབ་ཏུ་ལག་བསྟར་བྱས་ཏེ། ཞིང་སྡེའི་སྲོལ་རྒྱུན་ཀུན་སྤྱོད་སློབ་གསོའི་ཐོན་ཁུངས་སྔོག་འདོན་བྱེད་དགོས་པ་དང་། སྤྱི་ཚོགས་ཀུན་སྤྱོད་དང་ལས་རིགས་ཀུན་སྤྱོད། ཁྱིམ་ཚང་སྤྱོད་བཟང་། རང་ཉིད་ཀྱི་ཀུན་སྤྱོད་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཡིད་རྟོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཞིང་པའི་སྤྱི་ཚོགས་འགན་འཁྲི་འདུ་ཤེས་དང་སྒྲིག་སྲོལ་ལམ་ལུགས་འདུ་ཤེས། ཐུན་མོང་འདུ་ཤེས། བདག་པོའི་འདུ་ཤེས་བཅས་ཤུགས་ཆེར་གཏོང་དགོས།

(གཉིས།)ཞིང་སྡེའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་མཐོར་འདེགས་བཅས་བྱེད་དགོས། 

གྲོང་གསེབ་དཔལ་ཡོན་ནི་རྟེན་གཞི་བྱེད་པ་དང་། གྲོང་ཁྱེར་དཔལ་ཡོན་དང་ཕྱི་ཡོང་རིག་གནས་ཀྱི་ཕུལ་བྱུང་གྲུབ་འབྲས་ནང་འདྲེན་སྡུད་ལེན་བྱས་ཏེ། སྲུང་སྐྱོབ་དང་རྒྱུན་འཛིན་གྱི་རྨང་གཞིའི་སྟེང་། གསར་གཏོད་རང་བཞིན་གྱིས་བསྒྱུར་བ་དང་གསར་སྐྲུན་རང་བཞིན་གྱིས་འཕེལ་རྒྱས་སུ་བཏང་སྟེ། རྒྱུན་ཆད་མེད་པར་དུས་རབས་ཀྱི་གོ་དོན་དང་ཕུན་སུམ་ཚོགས་པའི་མཚོན་བྱེད་རྣམ་པ་སྤྲོད་དགོས། ཕུལ་བྱུང་ཞིང་ལས་རིག་གནས་ཀྱི་ཤུལ་བཞག་རྒྱུ་དངོས་ཁ་མིན་དོན་གྱིས་སྲུང་སྐྱོབ་བྱས་ཏེ། ཕུལ་བྱུང་ཞིང་ལས་རིག་གནས་ཀྱི་ཤུལ་བཞག་རྒྱུ་དངོས་ལུགས་མཐུན་དང་འོས་འཚམ་དུ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བྱ་དགོས། ཞིང་ལས་རིག་གནས་ཁྲོད་མངོན་པའི་ཕུལ་བྱུང་བསམ་བློའི་རིག་གནས་དང་། མི་ཚུལ་སྙིང་སྟོབས། ཀུན་སྤྱོད་ཚད་གཞི་བཅས་གཏིང་ཟབ་ཀྱིས་སྔོག་འདོན་བྱས་ཏེ། དེས་མི་སེམས་གོང་བུ་གཅིག་ཏུ་བསྒྲིལ་བར་བྱེད་པ་དང་མང་ཚོགས་ལ་སློབ་གསོ་གཏོང་བ། དམངས་སྲོལ་བབ་ཆགས་ཅན་དུ་འགྱུར་བའི་བྱེད་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་གྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་ཚད་ཐིག་དབྱེ་འབྱེད་གཏན་འབེབས་བྱས་ཏེ། རིག་གནས་ཀྱི་དངོས་རྫས་དང་རྗེས་ཤུལ། སྲོལ་རྒྱུན་གྲོང་སྡེ། མི་རིགས་གྲོང་ཚོ། སྲོལ་རྒྱུན་བཟོ་སྐྲུན། ཞིང་ལས་རྗེས་ཤུལ། ཆུ་འདྲེན་བཟོ་འགོད་ཤུལ་བཞག་རྒྱུ་དངོས་བཅས་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས། གྲོང་གསེབ་ས་ཁུལ་གྱི་ཕུལ་བྱུང་ཟློས་གར་སྒྱུ་རྩལ་དང་གྲངས་ཉུང་མི་རིགས་ཀྱི་རིག་གནས། དམངས་ཁྲོད་རིག་གནས་སོགས་ཀྱི་རྒྱུན་འཛིན་དར་སྤེལ་ལ་རྒྱབ་སྐྱོར་བྱེད་དགོས།

(གསུམ།)ཞིང་སྡེའི་སྤྱི་པའི་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

 ཚད་གཞི་ཡོད་པ་དང་དྲ་བ་ཡོད་པ། ནང་དོན་ཡོད་པ། ཤེས་ལྡན་མི་སྣ་ཡོད་པ་བཅས་ཀྱི་བླང་བྱ་ལྟར་དུ། གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཀྱི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་དགོས། རྫོང་རིམ་པའི་སྤྱི་པའི་རིག་གནས་ལས་ཁུངས་ཀྱི་འགྱེད་འཕྲོའི་ནུས་པ་འདོན་སྤེལ་བྱས་ཏེ། གཞི་རིམ་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བྱེད་པ་ལ་སྐུལ་འདེད་གཏོང་དགོས་པ་དང་། ཞང་དང་སྡེ་བ་རིམ་པ་གཉིས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་སྤྱི་ཡོངས་ལ་ཁེབས་པ་མངོན་འགྱུར་བྱེད་དགོས་ཤིང་། ཞབས་ཞུའི་ཕན་ནུས་མཐོར་འདེགས་སུ་གཏོང་དགོས། རིག་གནས་དམངས་ཕན་གཏིང་ཟབ་སྒོས་སྤེལ་ཏེ། སྤྱི་པའི་རིག་གནས་ཐོན་ཁུངས་ཀྱི་གནད་ཆེ་ས་གཙོ་བོ་གྲོང་གསེབ་ལ་ཁ་ཕྱོགས་ཏེ། སྔར་ལས་མང་ཞིང་བཟང་པོའི་ཞིང་སྡེའི་སྤྱི་པའི་རིག་གནས་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་དགོས། “ཞིང་གསུམ”བརྗོད་བྱ་ཡིན་པའི་རིག་རྩལ་གསར་རྩོམ་འབྱུང་བར་རྒྱབ་སྐྱོར་བྱས་ཏེ། རིག་རྩལ་ལས་བྱེད་པས་ཞིང་པའི་ཐོན་སྐྱེད་འཚོ་བ་མཚོན་པ་དང་། ནང་སྒོས་སུ་གྲོང་གསེབ་དར་སྤེལ་ལག་ལེན་གྱི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་རྒྱུན་ཆད་མེད་པར་འགྲེམ་སྟོན་བྱེད་པར་སྐུལ་མ་གཏོང་དགོས་ལ། དུས་རབས་གསར་པའི་ཞིང་སྡེ་དང་ཞིང་པའི་བསམ་པའི་རྣམ་པ་གང་ལེགས་ཀྱིས་གསལ་སྟོན་བྱེད་དགོས། ཡུལ་ཕྱོགས་རིག་གནས་སྔོག་འདོན་བྱེད་པ་དང་རང་ཡུལ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས་ལ། རིག་གནས་ཀྱི་ཕྱོགས་སུ་ཆ་བསྒྲིགས་ནས་རོགས་སྐྱོར་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དག་གྲོང་གསེབ་རིག་གནས་འཛུགས་སྐྲུན་ཁྲོད་ཞུགས་པར་ཁྲིད་སྟོན་བྱེད་དགོས། ཞིང་སྡེའི་རིག་གནས་ཚོང་ར་དར་རྒྱས་གོང་འཕེལ་དུ་བཏང་སྟེ། ཞིང་སྡེའི་རིག་གནས་ལས་རྣམ་ཕུན་སུམ་ཚོགས་པར་གཏོང་བ་དང་། ཞིང་སྡེའི་རིག་གནས་ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས།

(བཞི།)གོམས་སྲོལ་བསྒྱུར་བའི་བྱ་འགུལ་སྤེལ་དགོས། 

དཔལ་ཡོན་སྡེ་གྲོང་དང་སྐར་རིམ་དཔལ་ཡོན་ཁྱིམ་དུད། དཔལ་ཡོན་ཁྱིམ་ཚང་སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱེད་པའི་བྱ་འགུལ་རྒྱ་ཆེར་སྤེལ་དགོས། རྒྱས་སྤྲོས་རྒྱས་གཤོམ་བྱེད་པ་དང་། འདས་མཆོད་རྒྱས་སྤྲོས་དང་རྒན་གསོ་ལེགས་པོར་མི་བྱེད་པ། ངོ་སོ་བསྡུར་རེས་བྱེད་པ་སོགས་ཀྱི་ལུགས་རྙིང་སྲོལ་ངན་བཀག་སྡོམ་བྱེད་དགོས། ལྷ་མེད་སྨྲ་བའི་དྲིལ་སྒྲོག་སློབ་གསོ་ལ་ཤུགས་བསྣན་ཏེ། ཞིང་པ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་བྱ་འགུལ་ལ་བཀག་འགོག་བྱེད་དགོས་ལ། ཞིང་སྡེའི་པུར་སྐྱེལ་དུར་སྦེད་ལ་བཅོས་བསྒྱུར་བྱེད་པ་ཟབ་སྤེལ་བྱ་དགོས། ཞིང་སྡེར་ཚན་རིག་ཁྱབ་སྤེལ་བྱེད་པའི་བྱ་བ་ལ་ཤུགས་བསྣན་ཏེ། ཞིང་པའི་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོར་འདེགས་བྱེད་དགོས།

དྲུག ཞིང་སྡེའི་གཞི་རིམ་རྨང་གཞིའི་བྱ་བར་ཤུགས་བསྣན་ཏེ། གྲོང་གསེབ་བཅོས་སྐྱོང་གི་མ་ལག་གསར་པ་འཛུགས་དགོས།

གྲོང་གསེབ་དར་སྤེལ་གཏོང་བར་ནུས་ལྡན་བཅོས་སྐྱོང་བྱེད་པ་ནི་རྨང་གཞི་ཡིན་པས། གཞི་རིམ་གྱི་རྨང་གཞི་བརྟན་པོར་འཛུགས་པ་ནི་ངེས་པར་རྩ་བའི་ཐབས་ཇུས་སུ་བརྩིས་ཏེ། ཏང་ཨུས་མགོ་ཁྲིད་པ་དང་སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་མཉམ་སྒྲུབ་བྱེད་པ། སྤྱི་དམངས་ནང་དུ་ཞུགས་པ། ཁྲིམས་སྐྱོང་གིས་འགན་སྲུང་བྱེད་པ་བཅས་ཀྱི་དེང་རབས་གྲོང་གསེབ་སྤྱི་ཚོགས་ཀྱི་བཅོས་སྐྱོང་སྒྲིག་སྲོལ་འཐུས་སྒོ་ཚང་བར་འཛུགས་དགོས་པ་དང་། རང་སྐྱོང་དང་ཁྲིམས་སྐྱོང་། ཀུན་སྐྱོང་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གྲོང་གསེབ་སྤྱི་ཚོགས་དེ་ཉིད་གསོན་ཤུགས་ཀྱིས་ཁེངས་པ་དང་འཆམ་མཐུན་གོ་རིམ་ལྡན་པ་ཞིག་ཡོང་བར་ཁག་ཐེག་ནན་ཏན་བྱེད་དགོས།

(གཅིག)ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། 

ཏང་འཛུགས་སྐྱོང་དམ་པོར་འཛིན་པ་ཏན་ཏིག་གིས་སྐུལ་སྤེལ་བྱས་ཏེ་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་དགོས་ལ། ཆབ་སྲིད་བྱེད་ནུས་འབུར་ཐོན་ཡོང་བ་དང་། རྩ་འཛུགས་ནུས་པ་མཐོར་འདེགས་སུ་གཏོང་བ། ཞང་དམ་པོར་བཟུང་སྟེ་སྡེ་བར་སྐུལ་འདེད་བྱེད་པ་བཅས་ཀྱི་སྒོ་ནས། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཐབ་འཛིང་གི་བཙན་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་དགོས། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་གཙོ་བོའི་གོ་གནས་དང་། རྩ་འཛུགས་སྒྲིག་འགོད་དང་བྱ་འགུལ་སྤེལ་སྟངས་གསར་སྐྲུན་ཟབ་སྤེལ་བྱས་ཏེ། ནུས་མེད་ཉམས་ཞན་གྱི་སྡེ་བའི་ཏང་རྩ་འཛུགས་ལ་དག་ཐེར་བྱེད་པ་རྒྱུན་སྐྱོང་བྱེད་དགོས་ལ། ཚད་ལྡན་མིན་པའི་ཏང་ཡོན་ལ་ཇི་ལྟར་ཐག་གཅོད་བྱེད་པའི་བྱ་བ་གཟབ་ནན་དང་གོ་རིམ་ཡོད་པའི་སྒོ་ནས་བསྒྲུབས་ཏེ། ཞིང་སྡེའི་ཏང་ཡོན་གྱི་གདོང་ལེན་དཔེ་ལེགས་ནུས་པ་འདོན་སྤེལ་བྱེད་པར་ཤུགས་ཆེན་པོས་ཁྲིད་སྟོན་བྱེད་དགོས། ཧྲུའུ་ཅི་དང་པོ་འདེམ་མངག་བྱེད་པའི་བྱ་བའི་ཡུན་ཕན་ནང་རྐྱེན་བཙུགས་ཏེ། ཁྱོན་ཡོངས་ནས་དབུལ་ཕོངས་སྡེ་བ་དང་། ནུས་མེད་ཉམས་ཞན་སྡེ་བ། ཐུན་མོང་དཔལ་འབྱོར་ཉམས་ཞན་སྡེ་བ་བཅས་ཀྱི་ཏང་རྩ་འཛུགས་ལ་ཧྲུའུ་ཅི་དང་པོ་འདེམ་མངག་བྱེད་དགོས། ཞིང་སྡེའི་སྣེ་འཁྲིད་པའི་དཔུང་སྡེ་ཧྲིལ་པོ་ལེགས་སྒྱུར་བྱེད་པའི་ཡར་འདེགས་འགུལ་སྐྱོད་ལག་བསྟར་བྱས་ཏེ། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། ཞིང་པའི་ཁྲོད་ནས་ཡོང་བའི་བཟོ་པ། ཁེ་དོན་ལས་སྡེ་ཚན་བཅས་ཀྱི་ཕུལ་བྱུང་ཏང་ཡོན་ལས་བྱེད་པ་སྡེ་བར་ལས་གནས་འཛིན་པ་ནང་འདྲེན་བྱེད་པར་གཙིགས་འཛིན་བྱས་ཏེ། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལེགས་འདེམ་ཧྲག་སྒྲིག་བྱེད་དགོས། སྡེ་བའི་ཏང་རྩ་འཛུགས་ཧྲུའུ་ཅི་ཕུལ་བྱུང་ཅན་གྱི་ཁྲོད་ནས་ཞང་གྲོང་རྡལ་གྱི་མགོ་ཁྲིད་ལས་བྱེད་པ་གདམ་གསེས་བྱེད་པ་དང་། ཞང་གྲོང་རྡལ་ལས་ཁུངས་ཀྱི་གཞུང་ཞབས་པ་རྒྱུགས་བླངས་ཏེ་སྡུད་ལེན་བྱེད་པ། ཞང་གྲོང་རྡལ་ལས་དོན་སྒྲིག་ཁོངས་མི་སྣ་གདན་ཞུ་བྱེད་པ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། ཕུལ་བྱུང་ན་གཞོན་ཞིང་པའི་ཁྲོད་ཏང་ཡོན་འཕེལ་རྒྱས་སུ་གཏོང་བའི་ཤུགས་ཚད་ཆེ་རུ་གཏོང་དགོས། ཞིང་སྡེའི་ཏང་ཡོན་ལ་དུས་བཅད་ལྟར་གསོ་སྦྱོང་བྱེད་པའི་ལམ་ལུགས་འཛུགས་དགོས། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་ལས་གཉེར་འགྲོ་གྲོན་གྱི་འགན་སྲུང་སྲིད་ཇུས་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས། སྡེ་བ་རིམ་པའི་དབང་ཆ་ཆུང་ཕྲའི་ཞིབ་ཐོ་ལམ་ལུགས་ཁྱབ་སྤེལ་བཏང་སྟེ། གཞི་རིམ་དབང་ཆ་ཆུང་ཕྲའི་རུལ་སུངས་ཉེས་ཆད་ཐག་གཅོད་ཀྱི་ཤུགས་ཚད་ཆེ་རུ་གཏོང་དགོས། ཞིང་ཕན་ཁ་གསབ་དང་ཐུན་མོང་རྒྱུ་ནོར་དོ་དམ། ས་ཞིང་གཞུང་སྡུད་སོགས་ཀྱི་ཁྱབ་ཁོངས་ནས་ཞིང་པའི་ཁེ་ཕན་ལ་གནོད་སྐྱེལ་བའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ལ་འཆུན་འདོམས་ནན་མོ་བྱེད་དགོས།

(གཉིས།)སྡེ་དམངས་ཀྱི་རང་སྐྱོང་ལག་ལེན་ཟབ་སྤེལ་བྱེད་དགོས། 

རང་སྐྱོང་ནི་རྨང་གཞི་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་སྡེའི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་དང་། སྡེ་བའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ལ་གསོན་ཤུགས་ཀྱིས་ཁེངས་པའི་སྡེ་དམངས་རང་སྐྱོང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་གསར་གཏོད་བྱེད་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་འདེམ་བསྐོ་བྱས་པ་བརྒྱུད་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་དགོས་པར་སྐུལ་འདེད་གཏོང་དགོས། རང་སྐྱོང་སྒྲིག་ཡིག་དང་སྡེ་སྲོལ་དམངས་ཆིངས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། ཕྱོགས་ཡོངས་ནས་སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་འཐུས་སྒོ་ཚང་བར་བཙུགས་ཏེ། སྡེ་བ་རིམ་པའི་ཉི་འོད་བཟོ་འགོད་ལས་དོན་ཁྱབ་སྤེལ་དུ་གཏོང་དགོས། སྡེ་དམངས་གྲོས་ཚོགས་དང་སྡེ་དམངས་འཐུས་མི་གྲོས་ཚོགས། སྡེ་དམངས་ལས་དོན་གྲོས་མོལ་ཚོགས་འདུ། སྡེ་དམངས་ལས་འཛིན་ལྷན་ཚོགས། སྡེ་དམངས་ལྟ་ཞིབ་ལྷན་ཚོགས་སོགས་ལ་བརྟེན་ནས། དམངས་དོན་དམངས་གྲོས་དང་དམངས་དོན་དམངས་སྒྲུབ། དམངས་དོན་དམངས་གཉེར་གྱི་རིམ་པ་མང་པོའི་གཞི་རིམ་གྲོས་མོལ་རྣམ་པ་ཆགས་པར་བྱེད་དགོས་ཤིང་། ཞང་གསར་པའི་བྱེད་ནུས་བཟང་པོ་ཧུར་ཐག་གིས་འདོན་སྤེལ་བྱེད་དགོས། གྲོང་གསེབ་བཅོས་སྐྱོང་གི་གནད་ཆེ་ས་འོག་རིམ་ལ་གནས་སྤོས་ཏེ། ཐོན་ཁུངས་དང་ཞབས་ཞུ། དོ་དམ་བཅས་གང་ཐུབ་ཅི་ཐུབ་ཀྱིས་གཞི་རིམ་དུ་གཤམ་གཏོང་བྱེད་དགོས། མུ་མཐུད་ནས་སྡེ་དམངས་ཚན་ཆུང་དང་རང་བྱུང་སྡེ་བ་ནི་གཞི་རྩའི་སྡེ་ཚན་ཡིན་པའི་སྡེ་དམངས་རང་སྐྱོང་ཚོད་ལྟའི་བྱ་བ་སྤེལ་དགོས་པ་དང་། ཞིང་སྡེའི་སྡེ་ཁུལ་གྱི་བཅོས་སྐྱོང་གསར་གཏོད་ལ་ཤུགས་སྣོན་དགོས། གཞི་རིམ་དོ་དམ་སྒྲིག་སྲོལ་ནང་རྐྱེན་གསར་གཏོད་བྱེད་པ་དང་། སྤྱི་པའི་ཞབས་ཞུ་དང་སྲིད་འཛིན་ཞིབ་བཤེར་ཆོག་མཆན་ལས་འགན་ཧྲག་སྡེབ་ལེགས་བསྒྱུར་བྱས་ཏེ། “སྒོ་གཅིག་ཅན་གྱིས་སྒྲུབ་པ”དང“ས་ཚིགས་གཅིག་ཅན་གྱི་ཞབས་ཞུ”ཡི་ཕྱོགས་བསྡུས་ཞབས་ཞུ་ལས་སྟེགས་བསྐྲུན་དགོས། གྲོང་ཚོ་ནས་ཡོངས་ཁྱབ་ཏུ་དྲ་ཐོག་ཞབས་ཞུ་འབབ་ཚིགས་བཙུགས་ཏེ། གྲོང་གསེབ་ཀྱི་དམངས་བདེ་ཞབས་ཞུ་མ་ལག་ཅིག་རིམ་བཞིན་ཆགས་སུ་འཇུག་དགོས། ཞབས་ཞུ་རང་བཞིན་དང་སྤྱི་ཕན་རང་བཞིན། རོགས་རེས་རང་བཞིན་གྱི་ཞིང་སྡེའི་སྤྱི་ཚོགས་རྩ་འཛུགས་ཤུགས་ཆེན་པོས་གསོ་སྐྱོང་བྱས་ཏེ། ཞིང་སྡེའི་སྤྱི་ཚོགས་བྱ་བ་དང་མ་སྐུལ་དང་བླངས་པའི་ཞབས་ཞུ་ཧུར་ཐག་སྒོས་འཕེལ་རྒྱས་སུ་གཏོང་དགོས། གོང་རིམ་ནས་སྡེ་བ་རིམ་པར་དཔྱད་ཞིབ་ཚད་བསྡུར་རྩ་འཛུགས་བྱས་པ་མང་བ་དང་། ཚད་ལོངས་གསར་འཛུགས་བྱས་པ་མང་བ། ཞིབ་བཤེར་ལྟ་སྐུལ་མང་བ་སོགས་ཀྱི་འབུར་ཐོན་གནད་དོན་གཅིག་བསྡུས་སྒོས་གཙང་སེལ་བྱེད་དགོས། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས། ཞིང་སྡེའི་མཉམ་འབྲེལ་དཔལ་འབྱོར་རྩ་འཛུགས། ལྷག་པར་ཁྲིམས་མིའི་གོ་གནས་དང་དབང་ཆ་སྲུང་སྐྱོང་བྱེད་དགོས།

(གསུམ།)ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། 

ཁྲིམས་སྐྱོང་ནི་རྩ་བ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། ཞིང་པའི་ཁེ་དབང་སྲུང་སྐྱོང་བྱེད་པ་དང་ཚོང་རའི་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ། ཞིང་ལས་ལ་རྒྱབ་སྐྱོར་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་པ། ཞིང་སྡེའི་སྤྱི་ཚོགས་ཀྱི་འགལ་བ་སེལ་བ་ལ་སོགས་པའི་ཕྱོགས་ཀྱི་བཅའ་ཁྲིམས་ཀྱི་དབང་གྲགས་གོ་གནས་ཤུགས་ཆེར་གཏོང་དགོས། གཞི་རིམ་ལས་བྱེད་པའི་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་ནི་དམངས་ཀྱི་ཆེད་ཡིན་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཞིང་ལས་དང་འབྲེལ་བའི་སྲིད་གཞུང་གི་བྱ་བ་སྣ་ཚོགས་ཁྲིམས་སྐྱོང་གི་ལམ་བུ་རུ་འཇུག་དགོས། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་བཅོས་བསྒྱུར་དེ་གཞི་རིམ་དུ་བསྲིང་བ་གཏིང་ཟབ་སྒོས་སྐུལ་འདེད་གཏོང་བ་དང་། ལྟ་སྐུལ་དོ་དམ་བྱེད་ཐབས་གསར་གཏོད་བྱེད་པ། ཁྲིམས་འཛིན་དཔུང་སྡེ་ཧྲག་སྡེབ་དང་ཁྲིམས་འཛིན་སྟོབས་ཤུགས་གཏིང་ཟུག་བྱེད་པ་སྐུལ་སྤེལ་བྱེད་པ་བཅས་ཀྱིས། ཁྲིམས་འཛིན་གྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། གྲོང་གསེབ་ཀྱིས་འདུམ་འགྲིག་བྱེད་པ་དང་། རྫོང་དང་གྲོང་ཁྱེར་གྱིས་འདུམ་གཅོད་བྱེད་པ། ཁྲིམས་འཛིན་གྱིས་འགན་སྲུང་བྱེད་པའི་ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་རྩོད་གཞི་འདུམ་འགྲིག་བྱེད་པའི་ནང་རྐྱེན་འཐུས་སྒོ་ཚང་བར་འཛུགས་དགོས། ཞིང་སྡེའི་ཁྲིམས་ཁྱབ་ཤུགས་ཚད་ཆེ་རུ་བཏང་སྟེ། ཞིང་པའི་ཁྲིམས་སྐྱོང་བྱང་ཚད་མཐོར་འདེགས་སུ་གཏོང་དགོས་པ་དང་། རྒྱ་ཆེའི་ཞིང་པའི་ཁྲིམས་བཀུར་དང་ཁྲིམས་སློབ། ཁྲིམས་སྲུང་། ཁྲིམས་བཀོལ་བཅས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཞིང་སྡེའི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་སྟེ། ཞིང་པར་ཁྲིམས་ལུགས་རམ་འདེགས་བྱེད་པ་དང་ཁྲིམས་འཛིན་སྐྱོབ་རོགས་བྱེད་པ་ཤུགས་ཆེར་གཏོང་དགོས།

(བཞི།)གྲོང་གསེབ་ཀྱི་ཀུན་སྤྱོད་ལ་བརྟེན་ནས་སྐྱོང་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། 

གྲོང་གསེབ་ཀྱི་འདྲིས་མིའི་སྤྱི་ཚོགས་ཁྲོད་ཆགས་པའི་ཀུན་སྤྱོད་ཚད་ལྡན་གཏིང་ཟབ་སྒོས་སྔོག་འདོན་བྱེད་པ་དང་། དུས་རབས་ཀྱི་བླང་བྱ་དང་ཟུང་དུ་འབྲེལ་ནས་གསར་གཏོད་བྱས་ཏེ། ཀུན་སྤྱོད་གཤིས་ཀའི་སློབ་གསོ་གཏོང་བའི་བྱེད་ནུས་ཤུགས་ཆེར་བཏང་སྟེ། ཞིང་པ་རྣམས་ལེགས་པའི་ཕྱོགས་དང་། རྒན་ལ་བཀུར་ཞིང་གཉེན་ལ་བྱམས་པ། ཁ་དན་ཚིག་ལ་གནས་པ། བརྩོན་བསྲིས་ཁྱིམ་སྐྱོང་བྱེད་པ་བཅས་སུ་ཁྲིད་སྟོན་བྱེད་དགོས། ཀུན་སྤྱོད་སྐུལ་སློང་འཆུན་འདོམས་ནང་རྐྱེན་བཙུགས་ཏེ། ཞིང་པའི་བདག་ཉིད་དོ་དམ་དང་བདག་ཉིད་སློབ་གསོ། རང་ཉིད་ཞབས་ཞུ། རང་ཉིད་མཐོར་འདེགས་བཅས་ལ་ཁྲིད་སྟོན་བྱེད་དགོས་པ་དང་། ཁྱིམ་ཚང་འགྲིག་མཐུན་དང་ཁྱིམ་མཚེས་འཆམ་མཐུན། ལས་བྱེད་པ་དང་མང་ཚོགས་མཐུན་པོ་ཡོང་བ་མངོན་འགྱུར་བྱེད་དགོས། མནའ་མ་བཟང་པོ་དང་བུ་ཕྲུག་བཟང་པོ། སྒྱུག་པོ་དང་སྒྱུག་མོ་བཟང་པོ་སོགས་ཀྱི་དཔྱད་འདེམ་གཟེངས་བསྟོད་བྱ་འགུལ་རྒྱ་ཆེར་སྤེལ་དགོས་པ་དང་། གྲོང་གསེབ་ཀྱི་ཆེས་བཟང་བའི་དགེ་རྒན་དང་སྨན་པ། སྡེ་དཔོན། ཁྱིམ་ཚང་སོགས་འཚོལ་བའི་བྱ་འགུལ་སྤེལ་དགོས། ཀུན་སྤྱོད་དཔེ་ལེགས་དང་ཉེ་འཁོར་གྱི་མི་བཟང་པོའི་དཔེ་མཚོན་བྱས་རྗེས་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ། བདེན་ལེགས་མཛེས་གསུམ་དར་སྤེལ་དང་དྲང་ནུས་ཁྱབ་སྤེལ་བྱེད་དགོས།

(ལྔ།)བདེ་འཇགས་གྲོང་གསེབ་འཛུགས་སྐྲུན་བྱེད་དགོས། 

སྤྱི་ཚོགས་བདེ་སྐྱོང་གི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་མགོ་ཁྲིད་འགན་འཁྲི་ལམ་ལུགས་དངོས་འབེབས་བྱེད་པ་འཐུས་ཚང་དུ་བཏང་སྟེ། ཞིང་སྡེའི་སྤྱི་ཚོགས་ཀྱི་བདེ་སྐྱོང་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་ཚོགས་བདེ་སྐྱོང་སྔོན་འགོག་ཚོད་འཛིན་སྟོབས་ཤུགས་གཏིང་དུ་ཟུག་པར་སྐུལ་སྤེལ་བྱེད་དགོས། ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ཏེ།ཞིང་སྡེའི་ནག་ཚོགས་སྤྱོད་ངན་སྟོབས་ཤུགས་དང་། རུས་རྒྱུད་སྤྱོད་ངན་སྟོབས་ཤུགས་ལ་རྡུང་རྡེག་ནན་མོ་གཏོང་དགོས་པ་དང་། འཆལ་སྤྱོད་དང་རྒྱན་སྐུགས། དུག་འཐེན། འཕྲོག་བཅོམ། བསླུ་འཚོང་། མགོ་སྐོར་བཅས་ཀྱི་ཁྲིམས་འགལ་ཉེས་བཟོ་ལ་རྡུང་རྡེག་ནན་མོ་གཏོང་དགོས། ཞིང་སྡེའི་ཁྲིམས་འགལ་ཆོས་ལུགས་བྱ་འགུལ་དང་ ཕྱི་ཕྱོགས་ཀྱི་སིམ་འཛུལ་བྱ་འགུལ་ལ་རྡུང་རྡེག་གཏོང་བའི་ཤུགས་ཚད་ཁྲིམས་ལྟར་ཆེ་རུ་གཏོང་དགོས་པ་དང་། ཆོས་ལུགས་བེད་སྤྱད་དེ་ཞིང་སྡེའི་སྤྱི་པའི་ལས་དོན་ལ་ཐེ་གཏོགས་བྱེད་པར་ཁྲིམས་ལྟར་བཀག་འགོག་བྱེད་དགོས་ལ། མུ་མཐུད་ནས་ཞིང་སྡེ་རུ་གང་འདོད་དུ་དགོན་པ་ལྷ་ཁང་བསྐྲུན་པ་དང་གང་བྱུང་དུ་ཆོས་ལུགས་སྐུ་འདྲ་བཞེངས་པར་འཆུན་འདོམས་བྱེད་དགོས། རྫོང་དང་ཞང་སྡེ་བ་བཅས་རིམ་པ་གསུམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་བྱེད་ནུས་དང་འཁོར་སྐྱོད་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་ལ། ཞིང་སྡེའི་སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་བཏང་སྟེ། ཞིང་སྡེའི་མངོན་མེད་རྐྱེན་ངན་གྱི་བདེ་འཇགས་གནད་དོན་བཅོས་སྐྱོང་བྱེད་པ་རྒྱུན་མཐུད་ནས་སྤེལ་དགོས། ཞིང་སྡེའི་ཉེན་རྟོག་ལས་གཉེར་དང་མེ་སྐྱོན་འགོག་གསོད། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་བྱ་བར་ཤུགས་བསྣན་ཏེ། བདེ་འཇགས་གནད་དོན་ཚབས་ཆེན་འབྱུང་བར་བློ་ཐག་རྦད་ཆོད་ཀྱིས་བཀག་སྡོམ་བྱེད་དགོས། དྲ་རྒྱ་ཅན་གྱི་དོ་དམ་ལ་བརྟེན་ནས་འཛིན་པ་དང་། དེང་རབས་ཆ་འཕྲིན་ལག་རྩལ་གྱིས་འདེགས་སྐྱོར་བྱེད་པ་འཚོལ་ཞིབ་བྱས་ཏེ། གཞི་རིམ་ཞབས་ཞུ་དང་དོ་དམ་ཞིབ་ཕྲ་ཅན་གནད་ཁེལ་ཅན་དུ་འགྱུར་བ་མངོན་འགྱུར་བྱེད་དགོས་པ་དང་། ཞིང་སྡེའི“དཀར་གསལ་བཟོ་འགོད”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

བདུན། ཞིང་སྡེ་དམངས་འཚོའི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། མཛེས་པའི་ཡུལ་གྲོང་གི་རྣམ་པ་གསར་པ་བསྐྲུན་དགོས།

གྲོང་གསེབ་དར་སྤེལ་གཏོང་བར་འཚོ་བ་ཕྱུག་སྒྱུར་ནི་རྩ་བ་ཡིན། མི་ཚང་མས་འོས་འགན་ཕྲག་ཏུ་ལེན་དགོས་པ་དང་ལོངས་སུ་སྤྱད་ཆོག་པ་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་འཛིན་པ་དང་མི་འདང་ས་གསབ་པ།ཞན་ཆ་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་བླང་བྱ་ལྟར། ཆེས་ཐད་ཀར་དང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ལ་དམིགས་ནས། བྱ་བ་རེ་རེ་བཞིན་བསྟུད་མར་སྒྲུབ་པ་དང་། ལོ་དང་ལོ་མཐུད་དེ་བསྒྲུབས་ནས། གྲོང་གསེབ་དེ་ཉིད་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་རུ་འཛུགས་སྐྲུན་བྱེད་དགོས།

 (གཅིག)ཞིང་སྡེའི་སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་སྔོན་དུ་སྤེལ་དགོས། 

ཞིང་སྡེའི་འོས་འགན་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། གྲོང་ཁྱེར་གྱིས་གྲོང་གསེབ་འཁྲིད་པ་དང་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པ། མཁར་གྲོང་གཞི་གཅིག་ཅན། དོ་མཉམ་པའི་སྒོ་ནས་འཕེལ་རྒྱས་ཡོང་བ་བཅས་ཀྱི་འོས་འགན་སློབ་གསོ་འཕེལ་རྒྱས་ཀྱི་ནང་རྐྱེན་འཛུགས་པར་སྐུལ་འདེད་གཏོང་དགོས། ཆ་རྐྱེན་ཞན་པའི་སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སྒྱུར་བྱས་ཏེ། བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱེད་དགོས་ལ། ཞིང་སྡེའི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་སྒྱུར་འཆར་གཞི་ལག་བསྟར་བྱེད་དགོས་པ་དང་། ཞིང་སྡེའི་སློབ་སྔོན་སློབ་གསོ་འཕེལ་རྒྱས་སུ་གཏོང་དགོས། ཞིང་སྡེ་རུ་མཐོ་འབྲིང་རིམ་པའི་སློབ་གསོ་ཁྱབ་གདལ་དུ་གཏོང་བ་སྐུལ་འདེད་བྱེད་པ་དང་། སློབ་གསོའི་རྨང་གཞི་ཞན་པའི་རྫོང་དུ་སྤྱིར་བཏང་མཐོ་འབྲིང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ལས་རིགས་སློབ་གསོར་ཤུགས་སྣོན་དགོས་པ་དང་། རིམ་པ་བཞིན་རིགས་དབྱེ་སྟེ་འབྲིང་རིམ་སློབ་གསོར་སློབ་ཡོན་མེད་པར་གཏོང་དགོས། སློབ་མར་རྒྱུ་ནོར་རོགས་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཞིང་སྡེ་ཕལ་མོ་ཆེ་རུ་ངལ་རྩོལ་ནུས་ཤུགས་ཀྱིས་མཐོ་འབྲིང་རིམ་པའི་སློབ་གསོ་དང་ལེན་བྱེད་པ་དང་། མང་ཆེ་བས་མཐོ་རིམ་སློབ་གསོ་མྱོང་བ་གསར་སྣོན་བྱེད་དགོས་ལ། ཞིང་སྡེར་མཁོ་བའི་མང་ཚོགས་རྣམས་དམིགས་བསལ་ཅན་གྱི་སློབ་གསོ་མ་ལག་ནང་དུ་འཇུག་དགོས། གྲོང་ཁྱེར་དང་རྫོང་ཚན་ཁག་རེ་བྱས་ཏེ། སྤུས་ལེགས་སློབ་གྲྭས་ཞིང་སྡེའི་ཉམས་ཞན་སློབ་གྲྭར་འགྱེད་འཕྲོ་བྱེད་པའི་རྒྱུན་རྣམ་ཅན་ལ་སྐུལ་སྤེལ་བྱེད་དགོས། མཁར་གྲོང་གི་དགེ་རྒན་གཅིག་གྱུར་བཀོད་སྒྲིག་བྱེད་དགོས་པར་མ་ཟད། གྲོང་གསེབ་ཀྱི་ཕྱོགས་སུ་ཁ་ཕྱོགས་ཏེ། ཞིང་སྡེའི་དགེ་རྒན་དཔུང་སྡེ་ལེགས་པོར་འཛུགས་དགོས།

(གཉིས།)ཞིང་སྡེའི་ངལ་རྩོལ་ནུས་ཤུགས་བསྒྱུར་ཏེ་ལས་ཞུགས་བྱེད་པ་དང་ཞིང་པའི་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། 

མཁར་གྲོང་ལ་ཁེབས་པའི་སྤྱི་པའི་ལས་ཞུགས་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་ཁྱོན་ཆེན་པོས་ལས་རིགས་ལག་རྩལ་གསོ་སྦྱོང་སྤེལ་ཏེ། ཞིང་པའི་ཁྲོད་ནས་ཡོང་བའི་བཟོ་པས་ཐབས་ལམ་སྣ་མང་ལ་བརྟེན་ནས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་བ་དང་ལས་ཞུགས་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། ཁྱིམ་ཐོའི་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ། ཆ་རྐྱེན་ཡོད་ལ་འདོད་མོས་ཡོད་པ་དང་། གྲོང་རྡལ་དུ་གཏན་འཇགས་ཀྱི་ལས་ཀ་ཡོད་པ་དང་སྡོད་གནས་ཡོད་པའི་ཞིང་ལས་གནས་སྤོ་མི་ཚོགས་དག་གྲོང་རྡལ་ནས་གོ་རིམ་ལྡན་པའི་ངང་ཁྱིམ་གཞིས་ཆགས་ཐུབ་པར་སྐུལ་འདེད་གཏོང་དགོས་ལ། ཁྲིམས་ལྟར་འདྲ་མཉམ་གྱིས་གྲོང་རྡལ་གྱི་སྤྱི་པའི་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་འཇུག་དགོས། ཁྲིད་སྟོན་ཞབས་ཞུ་ཡི་རོགས་སྐྱོར་ལ་ཤུགས་བསྣན་ཏེ། གྲོང་གསེབ་ཀྱི་ལས་ཞུགས་ལས་སྐྲུན་ལ་སྐུལ་སྤེལ་བྱེད་པའི་འགུལ་སྐྱོད་ལག་བསྟར་བྱེད་དགོས་པ་དང་། རིག་གནས་དང་ཚན་རྩལ། ཡུལ་སྐོར། སྐྱེ་ཁམས་སོགས་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། སྲོལ་རྒྱུན་བཟོ་རྩལ་དར་སྤེལ་དུ་གཏོང་དགོས། ཁྱིམ་ཚང་བཟོ་ར་དང་ལག་ཤེས་བཟོ་ཁང་། གྲོང་གསེབ་འཁོར་ཁང་བཅས་སྐོར་ཞིག་གསོ་སྤེལ་བྱས་ཏེ། གྲོང་གསེབ་ས་ཁུལ་ནས་ཁོར་ཡུག་མཛའ་མཐུན་ཅན་གྱི་ཁེ་ལས་གསར་སྐྲུན་བྱེད་པར་སྐུལ་སྤེལ་བྱེད་དགོས་པ་དང་། གྲོང་གསེབ་དཔལ་འབྱོར་སྣ་མང་ཅན་མངོན་འགྱུར་བྱས་ཏེ། སྔར་ལས་མང་བའི་ལས་ཞུགས་ལས་གནས་འདོན་སྤྲོད་བྱེད་དགོས། ཞིང་པའི་ཡོང་སྒོ་འཕར་སྣོན་ཡོང་བའི་ཐབས་ལམ་རྒྱ་བསྐྱེད་དེ། ཞིང་པ་རྣམས་ཀྱིས་ལས་ལ་བརྩོན་བཞིན་ཁྲིམས་བརྩི་སྲུང་བྱས་ཏེ་ཕྱུག་སྒྱུར་བྱེད་པར་སྐུལ་མ་གཏོང་དགོས་པ་དང་། ཞིང་སྡེའི་ཡོང་སྒོ་དམའ་བ་དག་གི་ཡོང་སྒོ་འཕར་སྣོན་ཡོང་བ། ཞིང་སྡེའི་ཡོང་སྒོ་འབྲིང་གྲས་ཡིན་པའི་ཚོགས་པ་རྒྱ་བསྐྱེད་བཅས་བྱས་ཏེ། ཞིང་སྡེ་སྡོད་དམངས་ཀྱི་ཡོང་སྒོ་འཕར་ཚད་གྲོང་རྡལ་སྡོད་དམངས་ལས་མགྱོགས་པ་སྲུང་འཛིན་བྱེད་དགོས།

(གསུམ།)ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་གདང་འདེགས་རིམ་འཕར་བྱེད་པར་སྐུལ་འདེད་གཏོང་དགོས། 

རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནད་ཆེ་ས་མུ་མཐུད་ནས་ཞིང་སྡེ་རུ་བཞག་སྟེ། ཞིང་སྡེའི་གཞུང་ལམ་དང་ཆུ་འདོན། འབར་རླངས་འདོན་པ། ཁོར་ཡུག་སྲུང་སྐྱོབ། གློག་དྲ། ཟོང་འགྲུལ། ཆ་འཕྲིན། རླུང་འཕྲིན་དང་བརྙན་འཕྲིན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་བར་སྦྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་དགོས། དཔེ་སྟོན་རྫོང་ནི་ཐེག་བྱད་དུ་བྱས་ཏེ་ཕྱོགས་ཡོངས་ནས“ཞིང་སྡེའི་བདེ་ལམ་བཞི”ཡི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྡེ་བ་རེ་རེར་སྲ་འགྱུར་ལམ་འཛུགས་སྐྲུན་བྱེད་པ་མགྱོགས་མྱུར་ངང་ལག་བསྟར་བྱེད་དགོས་ལ། གྲུབ་རྫས་སྣུམ་གྱི་འཛད་སྤྱོད་དཔྱ་ཁྲལ་སྤོ་སྒྱུར་གྱི་གཏོང་སྤྲོད་མ་དངུལ་དེ་ཞིང་སྡེའི་གཞུང་ལམ་བདག་གཅེས་ཉམས་གསོ་བྱེད་པར་བཀོལ་བའི་ཤུགས་ཚད་ཆེ་རུ་གཏོང་དགོས། ཆུ་བེད་གྲོན་ཆུང་དང་ཆུ་མཁོ་འདོན། ཆུ་བེད་བཟོ་འགོད་བཅས་ལ་སྐུལ་འདེད་བཏང་སྟེ། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་བརྟན་པོ་དང་ཡར་སྤར་བྱེད་པའི་བཟོ་འགོད་ལག་བསྟར་བྱེད་དགོས། རིམ་པ་གསར་པའི་ཞིང་སྡེའི་གློག་དྲ་བསྒྱུར་བཀོད་རིམ་འཕར་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་སྡེ་རུ་འགུལ་ཤུགས་གློག་སླེབས་པའི་འཆར་གཞི་གཏན་འབེབས་བྱས་ཏེ། ཞིང་སྡེའི་སླར་སྐྱེ་ཐུབ་པའི་ནུས་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཨང་ཀིའི་གྲོང་གསེབ་འཐབ་ཇུས་ལག་བསྟར་བྱས་ཏེ། སྤྱི་ཡོངས་འཆར་གཞི་ཇུས་འགོད་ལེགས་པོར་བསྒྲུབ་དགོས་ལ། ཞིང་སྡེ་ས་ཁུལ་དུ་ཡངས་ལམ་དྲ་རྒྱ་དང་སྤོ་འགུལ་འཕྲིན་གཏོང་དྲ་བ་ཁེབས་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། “ཞིང་གསུམ”གྱི་ཁྱད་ཆོས་དང་མཐུན་པའི་ཆ་འཕྲིན་ལག་རྩལ་དང་ཐོན་རྫས། སྤྱོད་སྒོ། ཞབས་ཞུ་བཅས་གསར་སྤེལ་བྱས་ཏེ། རྒྱང་བསྟེན་སྨན་བཅོས་དང་རྒྱང་བསྟེན་སློབ་གསོ་སོགས་ཀྱི་བཀོལ་སྤྱོད་ཁྱབ་གདལ་གཏོང་བར་སྐུལ་འདེད་བྱེད་དགོས་ལ། མཁར་གྲོང་གི་ཨང་ཀིའི་བར་ཁྱད་སྐོང་གསབ་བྱེད་དགོས། གནམ་གཤིས་བརྟག་དཔྱད་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ལ། ཞིང་སྡེའི་ཉེན་འགོག་དང་ཉེན་འཕྲི། ཉེན་སྐྱོབ་བཅས་ཀྱི་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས་པ་དང་། དམ་འཛིན་གྱིས་ཞིབ་འཇུག་བྱས་ཏེ་ཞིང་སྡེའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དོ་དམ་དང་སྲུང་སྐྱོབ་ཟབ་སྤེལ་བྱེད་པའི་སྒྲིག་སྲོལ་བཅོས་བསྒྱུར་གྱི་མཛུབ་སྟོན་བསམ་འཆར་འདོན་དགོས།

(བཞི།)ཞིང་སྡེའི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། 

གཅིག་གྱུར་གྱི་མཁར་གྲོང་སྡོད་དམངས་གཞི་རྩའི་སྨན་བཅོས་ཉེན་འགོག་ལམ་ལུགས་དང་ནད་ཆེན་ཉེན་འགོག་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཞིང་པའི་ནད་རིགས་ལྕི་མོ་དང་ཆེན་པོ་སྐྱོབ་རོགས་བྱ་བ་ལེགས་སྒྲུབ་བྱེད་དགོས། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་ཉེན་འགོག་སྲ་བརྟན་དུ་བཏང་ནས་རྒྱལ་ཡོངས་ཀྱི་ཡུལ་གཞན་དུ་སྨན་བསྟེན་དྲ་སྦྲེལ་ཐད་ཀར་རྩིས་ཞུ་རྒྱག་ཐུབ་པ་བྱེད་དགོས། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་འགོག་ལམ་ལུགས་འཐུས་ཚང་དུ་བཏང་ནས།མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་འགོག་གི་ཐོབ་ཐང་གཏན་འཁེལ་དང་རྨང་གཞིའི་རྒན་གསོ་དངུལ་གྱི་ཚད་གཞི་རྒྱུན་ལྡན་སྡེབ་སྒྲིག་ནང་རྐྱེན་འཛུགས་དགོས། མཁར་གྲོང་སྤྱི་ཚོགས་སྐྱོབ་རོགས་མ་ལག་གཅིག་གྱུར་འཆར་འགོད་བྱས་ནས། མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་སྤྱི་ཚོགས་ལ་སྐྱོབ་རོགས་བྱེད་པར་མཐིལ་རྟོལ་བའི་བྱ་བ་ལེགས་སྒྲུབ་བྱེད་དགོས། གྲོང་ཁྱེར་དུ་ཁྱིམ་གཞིས་ཆགས་པའི་ཞིང་ལས་གནས་སྤོར་མི་འབོར་ཡོངས་རྫོགས་མཁར་གྲོང་སྡོད་ཁང་འགན་སྲུང་མ་ལག་ཏུ་འཇོག་དགོས། རིམ་པ་མང་བའི་ཞིང་སྡེའི་རྒན་གསོ་འགན་སྲུང་མ་ལག་གསར་དུ་བཙུགས་ནས། སྣ་མང་ཅན་གྱི་ལྟ་སྐྱོང་ཞབས་ཞུའི་རྣམ་པ་གསར་སྐྲུན་བྱེད་དགོས་ལ། ཞིང་སྡེའི་གཞིས་སྲུང་བྱིས་པ་དང་བུད་མེད། ལོ་ལོན་རྒན་པ་དང་དེ་མིན་དཀའ་གནས་སུ་ལྷུང་བའི་བྱིས་པར་སེམས་ཁུར་གཅེས་སྐྱོང་ཞབས་ཞུ་མ་ལག་འཐུས་སྒོ་ཚང་བར་བྱེད་དགོས་པ་དང་། ཞིང་སྡེའི་དབང་པོ་སྐྱོན་ཅན་གྱི་ཞབས་ཞུ་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས།

(ལྔ།)བདེ་ཐང་གི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས། 

ཞིང་སྡེའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཤུགས་ཆེར་བཏང་ནས། དལ་བའི་རང་བཞིན་གྱི་ནད་ཕྱོགས་བསྡུས་ཀྱིས་སྔོན་འགོག་ཚོད་འཛིན་བྱེད་པ་ལ་ཤུགས་སྣོན་དགོས་པ་དང་། ཞིང་སྡེ་ས་ཁུལ་གྱི་བསམ་པའི་འཕྲོད་བསྟེན་དང་ལས་རིགས་ཀྱི་ནད། འགོས་ནད་ཆེན་པོ་འགོག་བཅོས་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བྱ་དགོས། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་ཀྱི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་ནས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཞང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་བའི་འཕྲོད་བསྟེན་ཁང་གི་ཆ་རྐྱེན་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱ་དགོས་པ་དང་། གྲོང་གསེབ་ཀྱི་ཀྲུང་ལུགས་སྨན་རྫས་ཞབས་ཞུ་ལ་ཤུགས་སྣོན་བྱ་དགོས། ཁྱིམ་ཚང་སྨན་པའི་མིང་རྟགས་འགོད་པའི་ཞབས་ཞུ་སྤེལ་བ་དང་ཚད་ལྡན་དུ་བཏང་ནས། བུད་མེད་དང་ཕྲུ་གུ། རྒན་པ།དབང་པོ་སྐྱོན་ཅན་སོགས་གནད་འགག་གི་མི་ཚོགས་ལ་བདེ་ཐང་གི་ཞབས་ཞུ་སྒྲུབ་པར་ཤུགས་སྣོན་བྱ་དགོས། ལེགས་སྐྱེ་ལེགས་སྐྱོང་དར་སྤེལ་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་དགོས།

(དྲུག)ཞིང་སྡེའི་མི་སྡོད་སའི་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱེད་དགོས། 

ཞིང་སྡེའི་མི་སྡོད་སའི་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པའི་ལོ་གསུམ་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ནས། ཞིང་སྡེའི་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་བྱེད་པ་དང་སྡེ་བའི་རྣམ་པ་ལེགས་པོར་བསྒྱུར་བ་གཙོ་བོར་བཟུང་ནས། ཐོན་ཁུངས་སྣ་ཚོགས་ཧྲག་སྡེབ་བྱེད་པ་དང་། བྱེད་ཐབས་སྣ་ཚོགས་ཇེ་བཟང་དུ་བཏང་སྟེ། གོམ་པ་བརྟན་པོའི་ངང་ཞིང་སྡེའི་མི་སྡོད་སའི་ཁོར་ཡུག་གི་འབུར་ཐོན་གནད་དོན་བཅོས་སྐྱོང་བྱེད་པར་སྐུལ་འདེད་བྱ་དགོས། ཞིང་སྡེའི“སྤྱོད་ཁང་གསར་བརྗེ”ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བྱས་ནས། ཞིང་སྡེའི་ཁྱིམ་ཚང་ནས་བཀོལ་བའི་འཕྲོད་བསྟེན་སྤྱོད་ཁང་འཛུགས་སྐྲུན་དང་བསྒྱུར་བཀོད་བྱེད་པ་ཤུགས་ཆེན་པོས་སྤེལ་ཏེ། དུས་མཉམ་དུ་བཤང་གཅིའི་སྦགས་བཙོག་བཅོས་སྐྱོང་ལག་བསྟར་བྱེད་པ་དང་། ཞིང་སྡེའི་གནོད་མེད་ཅན་གྱི་འཕྲོད་བསྟེན་སྤྱོད་ཁང་ཡོངས་སུ་ཁེབས་པ་མྱུར་དུ་མངོན་འགྱུར་བྱས་ཏེ། ཞིང་པ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་བཟོ་བའི་མི་འདང་ས་ཅི་ཡོད་ཧུར་བརྩོན་གྱིས་བསྒྱུར་གསབ་བྱ་དགོས། ས་ཁུལ་མི་འདྲ་བར་སྤྱོད་བདེ་བའི་ཞིང་སྡེའི་བཙོག་ཆུ་བཅོས་སྐྱོང་གི་དཔེ་དབྱིབས་རྣམ་པ་སྤྱི་སྡོམ་དང་ཁྱབ་སྤེལ་བཏང་ནས། ལག་རྩལ་གྱི་འདེགས་སྐྱོར་དང་མཛུབ་སྟོན་ལ་ཤུགས་སྣོན་བྱ་དགོས་ཤིང་། ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་ལ་གཏིང་ཟབ་ཀྱིས་སྐུལ་འདེད་བྱ་དགོས། བྱང་ཕྱོགས་ས་ཁུལ་གྱི་ཞིང་སྡེའི་རྡོ་སོལ་གྱི་ཚབ་བྱེད་ལ་སྐུལ་འདེད་བཏང་ནས། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་གོ་རིམ་དང་ལྡན་པར་རྡོ་སོལ་འབར་རླངས་ལ་བསྒྱུར་བ་དང་རྡོ་སོལ་གློག་དང་ནུས་ཁུངས་གསར་པར་བསྒྱུར་ནས་བེད་སྤྱོད་པར་སྐུལ་སྤེལ་བྱ་དགོས་ལ། རིམ་བཞིན་ཞིང་སྡེའི་ཡོང་སྒོ་དམའ་བའི་མང་ཚོགས་ལ་བདེ་འཇགས་ཡིན་པའི་སྡོད་ཁང་འགན་སྲུང་ནང་རྐྱེན་འཛུགས་དགོས། གསར་དུ་བཙུགས་པའི་ཞིང་པའི་ཁང་པའི་འཆར་འགོད་དོ་དམ་ཇེ་དྲག་ཏུ་བཏང་ནས། “ཁོག་སྟོང་སྡེ་བ”ཡི་ཞབས་ཞུ་དོ་དམ་དང་བསྒྱུར་བཀོད་ལ་ཤུགས་སྣོན་བྱ་དགོས་ཤིང་། གྲོང་གསེབ་ཀྱི་གདོད་མའི་རྣམ་པ་སྲུང་སྐྱོབ་དང་སོར་འཇོག་བྱས་ནས། ཞིང་རའི་བཟོ་སྐྲུན་མ་དཔེ་སྤེལ་བ་དང་། གྲོང་གསེབ་ཀྱི་སྲོལ་རྒྱུན་བཟོ་སྐྲུན་མཁན་གྲགས་ཅན་སྐྱེད་སྲིང་བྱེད་དགོས། གྲོང་གསེབ་ཀྱི་ལྗང་སྒྱུར་འགུལ་སྐྱོད་ལག་བསྟར་བྱས་ནས། གནའ་བོའི་སྡོང་རྒན་མིང་གྲགས་ཅན་ཕྱོགས་ཡོངས་ནས་སྲུང་སྐྱོབ་བྱེད་དགོས་པ་དང་། འདུག་ལས་གཉིས་འཕྲོད་ཀྱི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་ལ་རྒྱུན་མཐུད་དེ་སྐུལ་འདེད་བྱ་དགོས།

བརྒྱད། གནད་ཁེལ་དབུལ་ཐར་གྱི་འགག་སྒྲོལ་དམག་འཐབ་ལེགས་པོར་བརྒྱབ་སྟེ། དབུལ་ཕོངས་མང་ཚོགས་ཀྱི་ཐོབ་སྣང་ཇེ་དྲག་ཏུ་གཏོང་དགོས།

གྲོང་གསེབ་དར་སྤེལ་གཏོང་དགོས་ན། སྔོན་འགྲོ་ནི་དབུལ་ཐར་བྱ་རྒྱུ་དེ་ཡིན་པས། གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་ངེས་པར་རྒྱུན་འཁྱོངས་དང་། དབུལ་ཐར་གྱི་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་གཙོ་བོར་བཟུང་སྟེ། དབུལ་ཐར་གྱི་ཚད་གཞི་ཇེ་དམའ་རུ་མི་གཏོང་ལ་རེ་བ་ཇེ་མཐོར་ཡང་མི་གཏོང་བར་སྔར་ལས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱོད་པ་དང་། སྔར་ལས་གཅིག་བསྡུས་ཀྱིས་རྒྱབ་སྐྱོར་བྱས་ཐོག སྔར་ལས་ཞིབ་ཚགས་ལྡན་པའི་བྱ་བ་བསྒྲུབས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྟིང་ཐག་གཅོད་པའི་དོན་སྙིང་ལྡན་པའི་གནད་ཁེལ་དབུལ་ཐར་གྱི་འགག་སྒྲོལ་དམག་འཐབ་རྦད་ཆོད་ཀྱིས་ལེགས་པོར་རྒྱག་དགོས།

(གཅིག)དབུལ་ཕོངས་མི་གྲངས་ལ་དམིགས་ནས་གནད་ཁེལ་དབུལ་སྐྱོར་བྱ་དགོས།

 ངལ་རྩོལ་ནུས་པ་ཡོད་པའི་དབུལ་ཕོངས་མི་གྲངས་ལ། ཐོན་ལས་དང་ལས་ཞུགས་ཐད་ནས་རོགས་རམ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ཤུགས་ཡོད་རྒུས་ཐོན་འཚོང་སྦྲེལ་མཐུད་དང་ངལ་ལས་མཐུད་སྦྲེལ་ལེགས་པོ་བྱས་ཏེ། བརྟན་འཇགས་ངང་དབུལ་ཐར་བྱེད་དགོས། ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་ལ་གོ་རིམ་ཡོད་པའི་སྒོ་ནས་སྐུལ་སྤེལ་བྱས་ཏེ། གནས་སྤོ་མང་ཚོགས་གནས་སྤོ་ཐུབ་པ་དང་སྡོད་ཚུགས་པ། ཕྱུག་པོར་བསྒྱུར་ཐུབ་པ་བཅས་བྱ་དགོས། ངལ་རྩོལ་ནུས་པ་ཡོད་ཚད་དམ་ཁག་ཅིག་ཉམས་ཡོད་པའི་དམིགས་བསལ་དབུལ་ཕོངས་མི་འབོར་ལ། འགན་སྲུང་རང་བཞིན་གྱི་དབུལ་སྐྱོར་སྲིད་ཇུས་ཕྱོགས་བསྡུས་སྒོས་ལག་བསྟར་བྱས་ཏེ། ནད་ལ་སྨན་བཅོས་ཐོབ་པ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་ཡོད་པ། འཚོ་བར་མ་མཐའི་འགན་སྲུང་ཡོད་པར་ཁག་ཐེག་བྱ་དགོས།ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་བྱ་བ་འགུལ་རྣམ་ཅན་དང་ཞིབ་ཚགས་ཅན་དུ་དོ་དམ་ལེགས་པོ་བྱས་ཏེ། ཆ་རྐྱེན་དང་མཐུན་པའི་དབུལ་ཕོངས་མི་འབོར་ཡོད་ཚད་འགན་སྲུང་གི་ཁྱབ་ཁོངས་སུ་འཇུག་དགོས།

(གཉིས།)དབུལ་ནག་ས་ཁུལ་ལ་དམིགས་ནས་གཅིག་བསྡུས་སྒོས་ཤུགས་འདོན་དགོས། 

དབུལ་ཕོངས་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་སྒྱུར་བྱས་ཏེ། དབུལ་ཕོངས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་དམིགས་ཚད་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བར་འགྱུར་བ་ཁག་ཐེག་བྱ་དགོས། འབུར་དུ་ཐོན་པའི་ཚོད་འཛིན་གནད་དོན་ཐག་གཅད་རྒྱུ་གཙོ་གནད་དུ་འཛིན་པ་དང་། དབུལ་སྐྱོར་བཟོ་འགོད་གལ་ཆེན་དང་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་རོགས་སྐྱོར་བྱ་བ་རྟེན་བྱེད་བྱས་ཏེ། སྲིད་ཇུས་ཀྱིས་གཟིགས་སྐྱོང་དང་དབུལ་སྐྱོར་མ་དངུལ་རུབ་བསྡུ་ཤུགས་ཚད་ཆེ་རུ་བཏང་ནས། དབུལ་ནག་ས་ཁུལ་གྱི་གོང་སྤེལ་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ལེགས་སྒྱུར་དང་། ཞིང་པ་དབུལ་པོའི་ཁྱིམ་ཚང་གོང་དུ་སྤེལ་ནུས་ཇེ་དྲག་ཏུ་གཏོང་དགོས་ལ། དབུལ་ནག་ས་ཁུལ་གྱི་དབུལ་ཐར་ལས་འགན་གཙོ་གནད་དུ་བཟུང་ནས་འགག་གཏོར་བྱ་དགོས། དབུལ་ཐར་འགག་སྒྲོལ་གྱི་གསར་འཕར་ལས་གཞིའི་མ་དངུལ་དེ་གཙོ་བོ་དབུལ་ནག་ས་ཁུལ་དུ་གཏོང་བ་དང་། དབུལ་ནག་ས་ཁུལ་ལ་རོགས་སྐྱོར་དངུལ་ལོར་གཏོང་ཚད་ཇེ་མང་དུ་གཏོང་དགོས་ཤིང་། འཛུགས་སྐྲུན་གྱི་སྤྱོད་སའི་དམིགས་ཚད་གསར་དུ་སྣོན་དུས་སྔོན་ལ་དབུལ་ནག་ས་ཁུལ་གོང་དུ་སྤེལ་བར་སྤྱོད་སའི་དགོས་མཁོར་སྔོན་དུ་འགན་སྲུང་བྱ་དགོས།

(གསུམ།)དབུལ་ཕོངས་མི་འབོར་གྱི་ནང་གནས་སྟོབས་ཤུགས་སྐུལ་སློང་བྱ་དགོས། 

དབུལ་སྐྱོར་བྱ་བ་དེ་བློ་སྤོབས་ལ་རོགས་སྐྱོར་དང་བློ་རིག་ལ་རོགས་སྐྱོར་བྱེད་པ་དང་ཟུང་དུ་སྦྲེལ་བ་དང་། འཕྲལ་སྐྱོབ་འཆིང་སྒྲོལ་དང་ནང་སེམས་ཀྱི་དབུལ་ཐར་དང་ཟུང་དུ་སྦྲེལ་ནས། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་གོང་སྤེལ་དང་ལས་གཉེར་ཚོང་གཉེར་བྱེད་པའི་གཞི་རྩའི་ནུས་རྩལ་ཇེ་མཐོར་བཏང་སྟེ། རྒྱུན་མཐུད་བརྟན་འཇགས་ངང་དབུལ་ཐར་བྱེད་པ་མངོན་འགྱུར་བྱ་དགོས། དབུལ་ཕོངས་མང་ཚོགས་ཀྱི་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་ཁྱད་གསོད་བྱ་བར་ཁྲིད་སྟོན་བྱས་ནས་བསམ་བློའི་དབུལ་ཕོངས་རིམ་བཞིན་བསལ་དགོས། དབུལ་ཕོངས་དོ་མཉམ་པ་གཏོར་ཏེ་རང་སྟོབས་རང་སྤེལ་དང་དབུལ་ཐར་བརྩོན་ལེན་གྱི་སྙིང་སྟོབས་རིམ་བཞིན་བསྐྱེད་པར་སྐུལ་འདེད་བྱ་དགོས། དབུལ་སྐྱོར་བྱེད་སྟངས་དང་བྱེད་ཐབས་ལེགས་བཅོས་བྱས་ཏེ། ཐོན་སྐྱེད་ལ་བྱ་དགའ་དང་ཁ་གསབ་སྟེར་བ་དང་ངལ་རྩོལ་གྱི་ཁ་གསབ་རོགས་དངུལ་སྟེར་བ། རྒུད་གསབ་ལས་སྤྲོད་བྱེད་པ་སོགས་ཀྱི་ནང་རྐྱེན་སྣ་ཚོགས་བཀོལ་ཏེ། དབུལ་ཕོངས་མང་ཚོགས་རང་ཉིད་ཀྱིས་དཀའ་སྤྱད་ཀྱི་ངལ་རྩོལ་ལ་བརྟེན་ཏེ་དབུལ་ཕོངས་ལས་ཐར་ནས་ཕྱུག་པོར་བསྒྱུར་བར་སྐུལ་འདེད་བྱ་དགོས།

(བཞི།)དབུལ་ཐར་འགག་སྒྲོལ་གྱི་འགན་འཁྲི་དང་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས། 

ཀྲུང་དབྱང་གིས་གཅིག་གྱུར་བཀོད་འདོམས་དང་ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་བྱེད་པའི་བྱ་བའི་ནང་རྐྱེན་རྒྱུན་འཁྱོངས་བྱས་ཏེ། ཏང་སྲིད་མགོ་ཁྲིད་དང་པོས་སྤྱིའི་འགན་འཁུར་བའི་འགན་འཁྲི་ལམ་ལུགས་ཤུགས་དྲག་ཏུ་གཏོང་དགོས། རྫོང་རིམ་པའི་ཏང་ཨུ་ནི་རྫོང་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྤྱིའི་བཀོད་འདོམས་པུའུ་ཡིན་པའི་གནད་འགག་གི་བྱེད་ནུས་ཤུགས་དྲག་ཏུ་བཏང་ནས། དབུལ་ཐར་འགག་སྒྲོལ་གྱི་དུས་བཅད་ནང་དབུལ་ཕོངས་རྫོང་གི་རྫོང་རིམ་པའི་ཏང་སྲིད་ཀྱི་གཙོ་འགན་པའི་གོ་གནས་བརྟན་འཇགས་ཡིན་པ་རྒྱུན་འཁྱོངས་བྱ་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་ཆེད་དོན་བཅོས་སྐྱོང་བྱེད་པ་དང་། དབུལ་སྐྱོར་མ་དངུལ་དོ་དམ་ཐད་དངོས་གནས་ཤུགས་བརྒྱབ་ནས། དབུལ་སྐྱོར་མ་དངུལ་གཞན་སྤྱོད་དང་ལྐོག་ཟ་བྱེད་པའི་བྱ་སྤྱོད་ལ་ཉེས་ཆད་དྲག་པོ་གཅོད་པ་ལས་གུ་ཡངས་སུ་གཏོང་མི་རུང་། 2018ལོ་ནི་དབུལ་ཐར་འགག་སྒྲོལ་གྱི་བྱ་སྤྱོད་འཛུགས་སྐྱོང་ལོ་བྱས་ནས་བྱ་སྤྱོད་ཀྱི་གནད་དོན་འབུར་དུ་ཐོན་པ་ཤུགས་ཡོད་རྒུས་ཐག་གཅོད་དགོས། དབུལ་ཕོངས་ཞྭ་མོ་ཕུད་པའི་དུས་ཚོད་ཚན་རིག་ལྟར་གཏན་འཁེལ་བྱ་དགོས་ཤིང་། མི་བདེན་རྫུན་བཟོ་དང་གྲངས་ཀའི་ལམ་ནས་དབུལ་ཐར་བྱེད་པར་གཟབ་ནན་གྱིས་ཞིབ་བཤེར་ཐག་གཅོད་བྱ་དགོས། དབུལ་ཐར་ལ་ལྟ་ཞིབ་སྐོར་ཞིབ་དང་དཔྱད་ཞིབ་དཔྱད་དཔོག་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་ལས་གཞན། སྡེ་ཁག་སོ་སོས་ཡང་བསྐྱར་རྩ་འཛུགས་བྱས་ནས་ཞིབ་བཤེར་དཔྱད་བསྡུར་གཞན་དག་རྩ་བ་ནས་བྱ་མི་ཆོག ས་གནས་སོ་སོས་སྒྲུབ་རིམ་དང་པོའི་སྟེང་གི་དབུལ་སྐྱོར་ལས་བྱེད་པའི་ཁུར་པོ་ཇེ་མང་དུ་གཏོང་བའི་ཞིབ་བཤེར་དང་དཔྱད་བསྡུར་སྣ་ཚོགས་སྤེལ་བར་ནན་གྱིས་ཚོད་འཛིན་བྱས་ཏེ། དངོས་གནས་གཞི་རིམ་གྱི་བྱ་བའི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། དབུལ་སྐྱོར་གྱི་སྒྲུབ་རིམ་དང་པོར་འབད་འཐབ་བྱེད་བཞིན་པའི་གཞི་རིམ་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱ་དགོས་ལ། སྐུལ་མ་གཏོང་བའི་སྲིད་ཇུས་གཏན་འབེབས་བྱས་ཏེ་ཁོ་ཚོའི་བྱ་བ་དང་འཚོ་བའི་སེམས་ཁྲལ་དང་དཀའ་ངལ་སེལ་བ་དང་། ཁོ་ཚོའི་བྱ་བའི་བརྩོན་སེམས་ལ་སྲུང་སྐྱོབ་དང་སྐུལ་སློང་བྱ་དགོས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་དང་གནད་ཁེལ་དབུལ་ཐར་གྱི་འགག་སྒྲོལ་དམག་འཐབ་ལེགས་པོར་རྒྱག་པ་གཉིས་ནུས་ལྡན་གྱིས་སྦྲེལ་མཐུད་ལེགས་པོ་བྱ་དགོས། གནད་ཁེལ་དབུལ་ཐར་གྱི་འགག་སྒྲོལ་དམག་འཐབ་ལེགས་པོར་རྒྱག་པའི་ལོ་གསུམ་གྱི་འགུལ་སྐྱོད་མཛུབ་སྟོན་བསམ་འཆར་གཏན་འབེབས་བྱེད་པ་དང་། བསྟུད་མར་དབུལ་ཕོངས་ཇེ་ཉུང་དུ་གཏོང་བའི་བསམ་འཆར་ཞིབ་འཇུག་བྱས་ཏེ་འདོན་དགོས།

དགུ། སྒྲིག་སྲོལ་དང་ནང་རྐྱེན་གསར་སྐྲུན་ལ་སྐུལ་འདེད་དང་། གྲོང་གསེབ་དར་སྤེལ་ལ་ལམ་ལུགས་རང་བཞིན་གྱི་འདོན་སྤྲོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།

གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་ཁྲོད་ངེས་པར་ལམ་ལུགས་འཛུགས་སྐྲུན་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱ་དགོས། ཐོན་དབང་ལམ་ལུགས་འཐུས་ཚང་དང་རྒྱུ་རྐྱེན་གཙོ་བོ་ཚོང་ར་ཅན་དུ་བཀོད་སྒྲིག་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། ཚོང་གཉེར་མཁན་དང་རྒྱུ་རྐྱེན་གཙོ་བོ། ཚོང་ར་བཅས་ཧུར་པོར་གཏོང་བ་དང་། བཅོས་བསྒྱུར་གྱི་བརྒྱུད་རིམ་ལྡན་པའི་རང་བཞིན་དང་ཕྱོགས་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཤུགས་ཆེན་པོས་ཇེ་དྲག་ཏུ་གཏོང་དགོས།

(གཅིག)ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་བརྟན་སྲུང་དང་འཐུས་ཚང་དུ་གཏོང་དགོས། 

ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་འབྲེལ་བ་བརྟན་འཇགས་ངང་ཡུན་རིང་པོར་མི་འགྱུར་བའི་སྲིད་ཇུས་དོན་འཁྱོལ་དང་། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་ལོངས་རྗེས་ད་དུང་ལོ30ཇེ་རིང་དུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་སྦྲེལ་མཐུད་ལེགས་པོ་བྱས་ཏེ། ཞིང་པ་མང་ཚོགས་ལ་ཡུན་རིང་པོར་ཕན་ནུས་ལྡན་པའི“སེམས་བདེ་རིལ་བུ”འཐུང་དུ་འཇུག་དགོས། ས་ཞིང་འགན་གཙང་ལེན་གྱིས་བདག་གཉེར་དབང་ཆ་ངོས་ལེན་དང་ཐོ་འགོད་དཔང་སྟེར་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཏེ། ས་ཞིང་འགན་གཙང་ལེན་གྱི་ཆ་འཕྲིན་མཉམ་འབྲེལ་དང་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱ་དགོས། ཞིང་སྡེའི་འགན་གཙང་ལེན་བྱས་པའི་ས་ཞིང་གི“དབང་གསུམ་བགོ་བ”ཡི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཐུན་མོང་གི་ས་ཞིང་བདག་དབང་དང་ཞིང་ཁྱིམ་གྱི་འགན་གཙང་ལེན་དབང་ཆར་ཁྲིམས་ལྟར་སྲུང་སྐྱོབ་བྱས་པའི་སྔོན་འགྲོའི་འོག ས་ཞིང་ཚོང་གཉེར་དབང་ཆར་འདྲ་མཉམ་སྒོས་སྲུང་སྐྱོབ་བྱ་དགོས། ཞིང་སྡེའི་འགན་གཙང་ལེན་གྱིས་ས་ཞིང་ཚོང་གཉེར་དབང་ཆ་དེ་ཁྲིམས་ལྟར་དངུལ་ལོར་སྡེ་ཁག་ནས་དངུལ་བསྡུ་ཁག་ཐེག་དང་མ་རྐང་དུ་བཞག་ནས་ཞིང་ལས་ཐོན་ལས་ཅན་དུ་ཚོང་གཉེར་བྱེད་དུ་བཅུག་ཆོག རྣམ་པ་གསར་པའི་ཞིང་ལས་ཚོང་གཉེར་པ་གསོ་སྐྱོང་བྱེད་པའི་བཟོ་འགོད་ལག་བསྟར་བྱས་ཏེ། ཁྱིམ་ཚང་གི་ཞིང་ར་དང་མཉམ་ལས་ཁང་། སྣེ་ཁྲིད་ཁེ་ལས། སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་དང་ཞིང་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་ཁང་གསོ་སྐྱོང་དང་གོང་དུ་སྤེལ་ནས། རྣམ་པ་སྣ་ཚོགས་ཀྱི་གཞི་རྒྱ་རན་པའི་ཚོང་གཉེར་གོང་དུ་སྤེལ་དགོས།

(གཉིས།)ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་བསྒྱུར་ཟབ་མོ་བྱ་དགོས།

 ཞིང་སྡེའི་ས་ཞིང་གཞུང་བསྡུ་དང་ཐུན་མོང་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་ཚོང་རར་ཞུགས་པ། གཞིས་སའི་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་བྱས་པ་བཅས་ཀྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་སྒོ་ནས་སྤྱི་སྡོམ་བྱས་ཏེ། རིམ་བཞིན་ཚོད་ལྟ་བྱེད་གནས་རྒྱ་བསྐྱེད་པ་དང་། ས་ཞིང་དོ་དམ་བཅའ་ཁྲིམས་མགྱོགས་མྱུར་ངང་བཟོ་བཅོས་བྱས་ནས། ཞིང་སྡེའི་ས་ཞིང་བཀོལ་སྤྱོད་དོ་དམ་གྱི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། སྡོད་ཁང་དང་ས་ཞིང་གཞི་གཅིག་ཅན་གྱི་ཞིང་སྡེ་ཐུན་མོང་གི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་དང་གཞིས་སའི་བེད་སྤྱོད་དབང་ཆ་ངོས་ལེན་དང་ཐོ་འགོད་དཔང་སྟེར་བྱ་བར་ཏན་ཏིག་གིས་སྐུལ་འདེད་བྱ་དགོས། ཞིང་པའི་བེད་མེད་དུ་བསྐྱུར་པའི་གཞིས་ས་དང་སྡོད་ཁང་སྐོར་གྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། གཞིས་སའི་བདག་དབང་དང་ཐོབ་ཐང་དབང་ཆ། བཀོལ་སྤྱོད་དབང་ཆ་བཅས“དབང་གསུམ་བགོ་བ”ཡི་ལམ་ལུགས་འཚོལ་ཞིབ་བྱས་ཐོག ཐུན་མོང་གི་གཞིས་ས་བདག་དབང་དོན་འཁྱོལ་དང་། ཞིང་ཁྱིམ་གྱི་གཞིས་སའི་ཐོབ་ཐང་དབང་ཆ་དང་ཞིང་པའི་སྡོད་ཁང་གི་རྒྱུ་ནོར་བདག་དབང་འགན་སྲུང་། གཞིས་ས་དང་ཞིང་པའི་སྡོད་ཁང་གི་བཀོལ་སྤྱོད་དབང་ཆ་འོས་འཚམ་གྱིས་གློད་དགོས་ལ། སྒྲིག་འགལ་ཁྲིམས་འགལ་གྱིས་གཞིས་ས་ཉོ་འཚོང་བྱས་མི་ཆོག་པར། ས་ཞིང་སྤྱོད་སྒོ་དོ་དམ་སྒྲིག་སྲོལ་ལག་བསྟར་ནན་མོ་བྱས་ཏེ། གཞི་རིམ་དུ་ཞིང་སྡེའི་གཞིས་ས་བཀོལ་སྤྱོད་བྱས་ཏེ་གཞིས་ཀ་ཆེན་པོ་དང་སྒེར་གྱི་ཚོགས་ཁང་བསྐྲུན་པ་གཟབ་ནན་སྒོས་གཏན་འགོག་བྱ་དགོས། ས་ཞིང་བཀོལ་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་མཐུན་པའི་སྔོན་འགྲོའི་འོག་ཏུ། རྫོང་རིམ་པའི་སྲིད་གཞུང་གིས་སྡེ་བའི་ས་ཞིང་བཀོལ་སྤྱོད་ལ་འཆར་འགོད་བྱས་ཆོག་ལ། སྡེ་བའི་ས་ཞིང་ཁྱབ་ཚུལ་ལེགས་སྒྲིག་ལེགས་སྒྱུར་དང་། ཞིང་སྡེའི་ཐར་ཐོར་དུ་གནས་པའི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་ཕན་ཡོད་སྒོས་བཀོལ་སྤྱོད་བྱ་དགོས། འཆར་གཞིར་བཀོད་པའི་འཛུགས་སྐྲུན་ཐད་སྤྱོད་པའི་ཞིང་སའི་དམིགས་ཚད་ཁག་ཅིག་གྲབས་འཇོག་བྱས་ནས་ལོགས་སུ་ས་གནས་འདེམ་པའི་ཞིང་ལས་སྒྲིག་བཀོད་དང་སྤྲོ་གསེང་ཡུལ་སྐོར་སྒྲིག་བཀོད་སོགས་སྐྲུན་པའི་ཐད་ལ་བཀོལ་དགོས། ཞིང་སྡེའི་བེད་མེད་དུ་བསྐྱུར་པའི་འཛུགས་སྐྲུན་གྱི་སྤྱོད་ས་བསྡུ་ཉར་བྱས་པ་བེད་སྤྱད་དེ་ཞིང་སྡེའི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་གོང་དུ་སྤེལ་ལ། གསར་སྣོན་འཛུགས་སྐྲུན་གྱི་སྤྱོད་སའི་དམིགས་ཚད་ལ་བྱ་དགའ་སྟེར་དགོས་ཤིང་། སྒྲིག་བཀོད་ཞིང་ལས་ཐད་སྤྱོད་པའི་ས་ཞིང་སྐོར་གྱི་སྲིད་ཇུས་སྔར་བས་འཐུས་ཚང་དུ་གཏོང་དགོས།

(གསུམ།)ཞིང་སྡེའི་ཐུན་མོང་གི་ཐོན་དབང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྐུལ་འདེད་བྱ་དགོས། 

ཞིང་སྡེའི་ཐུན་མོང་གི་རྒྱུ་ནོར་གཙང་བཤེར་རྩིས་བཤེར་དང་ཐུན་མོང་གི་ཁོངས་མིའི་ཐོབ་ཐང་ངོས་འཛིན་བྱ་བ་ཁྱོན་ཡོངས་ནས་སྤེལ་བ་དང་།ཐུན་མོང་གི་ཚོང་གཉེར་རང་བཞིན་གྱི་རྒྱུ་ནོར་མ་རྐང་མཉམ་ལས་ལམ་ལུགས་བཅོས་བསྒྱུར་ལ་མགྱོགས་མྱུར་ངང་སྐུལ་སྤེལ་གཏོང་དགོས། ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་མ་དངུལ་མ་རྐང་དུ་བསྒྱུར་བ། ཞིང་པ་རྐང་བདག་ཏུ་བསྒྱུར་བར་སྐུལ་འདེད་བྱས་ཏེ། ཞིང་སྡེའི་ཐུན་མོང་གི་དཔལ་འབྱོར་མངོན་འགྱུར་རྣམ་པ་དང་འཁོར་སྐྱོད་ནང་རྐྱེན་གསར་པ་འཚོལ་ཞིབ་བྱ་དགོས། ཞིང་སྡེའི་ཐུན་མོང་གི་ཐོན་དབང་ལམ་ལུགས་བཅོས་བསྒྱུར་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སྡེ་བའི་ཏང་རྩ་འཛུགས་ཀྱིས་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་མགོ་ཁྲིད་སྲོག་ཤིང་བྱེད་ནུས་འདོན་སྤེལ་བྱེད་པ་དང་། ཐུན་མོང་གི་རྒྱུ་ནོར་ལ་ནང་ཁུལ་གྱི་མི་ཉུང་ཤས་ཀྱིས་ཚོད་འཛིན་དང་ཕྱིའི་མ་རྩས་བདག་འཛིན་བྱེད་པར་བཀག་འགོག་བྱ་དགོས། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ས་ཞིང་འགན་གཙང་ལེན་གྱི་དབང་ཆ་དང་གཞིས་སའི་བཀོལ་སྤྱོད་དབང་ཆ། ཐུན་མོང་གི་ཁེ་ཕན་བགོ་བའི་དབང་ཆ་སྲུང་སྐྱོབ་བྱས་ཏེ། གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པས་ཁྲིམས་ལྟར་རང་འཐད་ཀྱིས་རིན་དོད་ཡོད་པའི་སྒོ་ནས་གོང་གི་ཁེ་དབང་དག་བཤུག་སྤྲོད་བྱེད་པར་ཁྲིད་སྟོན་བྱ་དགོས། ཞིང་སྡེའི་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་བཅའ་ཁྲིམས་ཞིབ་འཇུག་གཏན་འབེབས་བྱེད་པ་དང་། ཞིང་སྡེའི་ཐུན་མོང་ཐོན་དབང་གི་དབང་ནུས་ཀྱི་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། མཁོ་འཚོང་མཉམ་ལས་ཁང་ཁྱོན་ཡོངས་ནས་ཕྱོགས་བསྡུས་སྒོས་བཅོས་བསྒྱུར་ཟབ་མོ་བྱེད་པ་དང་། ཐུན་མོང་གི་ནགས་ཚལ་བདག་དབང་དང་ཆུ་བེད་སྒྲིག་བཀོད་ཐོན་དབང་སོགས་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྐུལ་འདེད་བྱས་ཏེ། ཞིང་སྡེའི་ཕྱོགས་བསྡུས་བཅོས་བསྒྱུར་དང་ཞིང་སྡེའི་བཅོས་བསྒྱུར་ཚོད་ལྟའི་ཁུལ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས།

(བཞི།)ཞིང་ལས་ལ་རོགས་སྐྱོར་དང་སྲུང་སྐྱོབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། 

ཞིང་ལས་ཀྱི་སྤུས་ཀའི་ཕན་འབྲས་དང་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་རྒྱུ་དམིགས་འབེན་བྱས་ཏེ། ལྗང་མདོག་གི་སྐྱེ་ཁམས་ཁྲིད་ཕྱོགས་ཤུགས་དྲག་དང་། སྲིད་ཇུས་ཀྱི་ལག་ཆ་དང་བྱེད་ཐབས་གསར་སྐྲུན་དང་འཐུས་ཚང་དུ་བཏང་ནས། “ལྗང་སྒམ”སྲིད་ཇུས་ཀྱི་ལག་བསྟར་ཁྱབ་ཁོངས་དང་གཞི་རྒྱ་བསྐྱེད་པ་དང་། རྣམ་པ་གསར་པའི་ཞིང་ལས་ལ་རོགས་སྐྱོར་དང་སྲུང་སྐྱོབ་ཀྱི་སྲིད་ཇུས་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས། ཞིང་ལས་ཐོན་རྫས་བསྡུ་ཉར་ལམ་ལུགས་དང་རིན་གོང་གྲུབ་པའི་ནང་རྐྱེན་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ། སྣ་མང་ཚོང་རའི་ཉོ་ཚོང་མཁན་མགྱོགས་མྱུར་ངང་གསོ་སྐྱོང་དང་། ཀྲུང་དབྱང་གི་འབྲུ་རིགས་གྲབས་ཉར་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་བཅོས་བསྒྱུར་བྱ་དགོས། ཕམ་ཚོང་རྒྱག་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་ཕྱོགས་ངེས་གཏན་གྱིས་ཕྱིར་འཚོང་བྱེད་པ། ཕྱིར་འཚོང་འགན་གཙང་ལེན་བྱེད་པ་སོགས་བརྒྱུད་དེ། སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་མཛོད་ཉར་མགྱོགས་མྱུར་ངང་མེད་པར་གཏོང་དགོས། ཞིང་པར་ཐད་ཀར་གྱི་ཁ་གསབ་སྤྲོད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ཐོག་ལག་བསྟར་བྱས་ཏེ། ཁ་གསབ་སྤྲད་པའི་ཕན་ནུས་ཇེ་ཆེར་གཏོང་དགོས། འབྲུ་རིགས་ཐོན་ཁུངས་གཙོ་བོར་ཁེ་ཕན་ཁ་གསབ་སྟེར་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། འབྲས་སོབ་དང་གྲོ། མ་རྨོས་ལོ་ཏོག་བཅས་འབྲུ་རིགས་ཆེན་པོ་གསུམ་པོའི་མ་རྩ་ཡོད་ཚད་ཀྱི་ཉེན་འགོག་དང་ཡོང་སྒོའི་ཉེན་འགོག་ཚོད་ལྟའི་ངང་ནས་འཚོལ་ཞིབ་བྱས་ཏེ། རིམ་པ་མང་པོའི་ཞིང་ལས་ཉེན་འགོག་མ་ལག་མགྱོགས་མྱུར་ངང་འཛུགས་དགོས།

བཅུ། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། གྲོང་གསེབ་དར་སྤེལ་ལ་འཇོན་མིས་འདེགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།

གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པར། འཇོན་མི་དཀོན་པའི་བཀག་རྒྱ་ངེས་པར་གཏོར་དགོས། མི་ཤུགས་མ་རྩ་གསར་སྤེལ་བྱ་རྒྱུ་དེ་གོ་གནས་གཙོ་བོར་བཞག་སྟེ། རིག་སྟོབས་དང་ལག་རྩལ། དོ་དམ་བཅས་ཞིང་སྡེར་སྐྱོད་ལམ་ཡངས་པོར་ཕྱེ་སྟེེ། ཞིང་སྡེའི་རང་ས་རང་ཡུལ་གྱི་འཇོན་མི་གང་མང་སྐྱེད་སྲིང་དང་གནམ་འོག་གི་འཇོན་མི་མང་པོ་བསྡུས་ནས་བཀོལ་དགོས།

(གཅིག)གསར་བྱུང་གི་ལས་རིགས་ཞིང་པ་ཤུགས་ཆེན་པོས་གསོ་སྐྱོང་བྱ་དགོས།

 ལས་རིགས་ཞིང་པའི་ལམ་ལུགས་ཁྱོན་ཡོངས་ནས་འཛུགས་པ་དང་། ཆ་འགྲིག་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། གསར་བྱུང་གི་ལས་རིགས་ཞིང་པ་གསོ་སྐྱོང་བཟོ་འགོད་ལག་བསྟར་བྱས་ཏེ། གསར་བྱུང་གི་ལས་རིགས་ཞིང་པ་ལྡེམ་གཤིས་ཅན་གྱི་སློབ་ཡུན་སྤྱད་དེ་འབྲིང་རིམ་དང་མཐོ་རིམ་གྱི་ཞིང་པའི་ལས་རིགས་སློབ་གསོར་ཞུགས་པར་རྒྱབ་སྐྱོར་བྱ་དགོས། གསོ་སྦྱོང་ནང་རྐྱེན་གསར་སྐྲུན་བྱས་ཏེ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དང་ཆེད་ལས་ལག་རྩལ་མཐུན་ཚོགས། སྣེ་ཁྲིད་ཁེ་ལས་སོགས་ཀྱིས་གསོ་སྦྱོང་འགན་ལེན་བྱེད་པར་རྒྱབ་སྐྱོར་བྱ་དགོས།ཆ་རྐྱེན་དང་འཚམ་པའི་གསར་བྱུང་གི་ལས་རིགས་ཞིང་པ་མཁར་གྲོང་གི་ལས་བཟོ་པའི་རྒན་གསོ་དང་སྨན་བཅོས་འགན་སྲུང་སོགས་སྤྱི་ཚོགས་འགན་སྲུང་ལམ་ལུགས་སུ་ཞུགས་པར་སྣེ་འཁྲིད་དགོས། ས་གནས་སོ་སོས་ལས་རིགས་ཞིང་པའི་མིང་ཐོ་དཔྱད་ཞིབ་གཏན་འབེབས་ཚོད་ལྟ་བྱ་བར་སྐུལ་མ་གཏོང་དགོས།

(གཉིས།)ཞིང་སྡེའི་ཆེད་ལས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ཐད་ཤུགས་བསྣན་དགོས། 

རྫོང་ཁོངས་ཀྱི་ཆེད་ལས་འཇོན་མི་གཅིག་གྱུར་འཆར་འགོད་ཀྱིས་བཀོལ་བའི་ལམ་ལུགས་བཙུགས་ཏེ། ཞིང་སྡེའི་ཆེད་ལས་འཇོན་མིའི་ཞབས་ཞུའི་འགན་སྲུང་ནུས་པ་ཇེ་ཆེར་གཏོང་དགོས། འཇོན་མིའི་དོ་དམ་འགན་ནུས་སྡེ་ཁག་གིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པར་སྐུལ་འདེད་བྱས་ཏེ། གཞི་རིམ་གྱི་མི་བཀོལ་མཁན་གྱི་རང་བདག་དབང་ཆར་འགན་སྲུང་དང་དོན་འཁྱོལ་བྱ་དགོས། གྲོང་གསེབ་ཀྱི་དགེ་རྒན་ལ“རྫོང་གིས་དོ་དམ་དང་སློབ་གྲྭས་གདན་ཞུ”བྱེད་པ་སྐུལ་འདེད་བྱ་དགོས། མཐའ་འཁོབ་དབུལ་ཕོངས་ས་ཁུལ་དང་མཐའ་མཚམས་ཀྱི་མི་རིགས་ས་ཁུལ་དང་གསར་བརྗེའི་ཁུལ་རྙིང་བཅས་ལ་འཇོན་མིས་རོགས་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་ལེགས་པོ་བྱས་ཐོག “རོགས་སྐྱོར་གསུམ་དང་དབུལ་སྐྱོར་གཅིག”དང་དམིགས་བཙུགས་དགེ་རྒན་འཆར་གཞི་སོགས་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གཞི་རིམ་དུ་འཚར་ལོངས་འབྱུང་བའི་འཆར་གཞི་རྩ་འཛུགས་བྱས་ཏེ་ལག་བསྟར་བྱ་དགོས། ས་གནས་ཀྱི་མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གླིང་གིས་སློབ་གསོའི་གསོ་སྦྱོང་ཐོན་ཁུངས་ཕྱོགས་བསྡུས་སྒོས་བེད་སྤྱོད་པར་རོགས་སྐྱོར་བྱས་ཏེ། ཆེད་ལས(ཁ་ཕྱོགས)གང་ལ་གང་མཁོས་འཛུགས་པ་དང་། འཇོན་མི་གསོ་སྐྱོང་རྣམ་པ་གསར་སྐྲུན་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་ཆེད་ལས་ཅན་གྱི་འཇོན་མི་གསོ་སྐྱོང་བྱ་དགོས། ཞིང་པའི་ལས་རིགས་ཀྱི་བདག་གཉེར་མཁན་དང་བར་ཁེ་པ། ཞིང་སྡེའི་ལས་བཟོ་པ། རིག་གནས་པ། མངོན་མེད་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་སོགས་ལ་རོགས་སྐྱོར་བྱས་ཏེ་གསོ་སྐྱོང་བྱ་དགོས།

(གསུམ།)ཚན་རྩལ་འཇོན་མིའི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱ་དགོས། 

མཐོ་རིམ་སློབ་གླིང་དང་ཚན་རིག་ཞིབ་འཇུག་གླིང་སོགས་དོན་ལས་སྡེ་ཚན་གྱི་ཆེད་ལས་ལག་རྩལ་མི་སྣས་གྲོང་གསེབ་དང་ཁེ་ལས་སུ་འགན་འགེལ་བ་དང་ཞོར་འགན་འཁུར་བ། ལས་གནས་དང་བྲལ་ནས་གསར་སྐྲུན་ལས་སྐྲུན་གྱི་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་ཏེ། མིང་ཐོབ་དཔྱད་ཞིབ་གཏན་འབེབས་དང་གླ་ཕོགས་ཕན་བདེ། སྤྱི་ཚོགས་འགན་སྲུང་སོགས་ཕྱོགས་ཀྱི་ཁེ་དབང་འགན་སྲུང་བྱ་དགོས། ཞིང་ལས་ཚན་རྩལ་ཞིབ་འཇུག་གི་ཁྱད་དུ་འཕགས་པའི་འཇོན་མིའི་འཆར་གཞི་དང་ཁྱད་དུ་འཕགས་པའི་ན་གཞོན་ཞིང་ལས་ཚན་རིག་པའི་ལས་གཞི་གཏིང་ཟབ་ཏུ་ལག་བསྟར་བྱ་དགོས། ས་བོན་ལས་རིགས་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་ཞིབ་འཇུག་མི་སྣའི་ཤེས་བྱའི་ཐོན་དབང་གསལ་འབྱེད་བྱེད་པ་རྨང་གཞི་དང་ཤེས་བྱའི་རིན་ཐང་ཁྲིད་ཕྱོགས་ཡིན་པའི་བགོ་བྱའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། སྤྱི་ཕན་རང་བཞིན་དང་ཚོང་གཉེར་རང་བཞིན་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་བཏང་ནས་མཉམ་འདྲེས་ངང་གོང་དུ་སྤེལ་བའི་ནང་རྐྱེན་འཚོལ་ཞིབ་བྱེད་པ་དང་། ཞིང་ལས་ལག་རྩལ་མི་སྣས་རིན་འཕར་ཞབས་ཞུ་འདོན་སྤྲོད་བྱས་པ་བརྒྱུད་དེ་འོས་འཚམ་གྱི་གླ་རྔན་ལེན་ཆོག་པར་བྱ་དགོས། ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ཆེད་དམིགས་གདན་ཞུའི་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས།

(བཞི།)སྤྱི་ཚོགས་ལས་རིགས་སོ་སོ་གྲོང་གསེབ་འཛུགས་སྐྲུན་ཁྲོད་ཞུགས་པར་སྐུལ་མ་གཏོང་བྱ་དགོས། 

ནུས་ལྡན་གྱི་སྐུལ་མ་གཏོང་བའི་ནང་རྐྱེན་འཛུགས་པ་དང་། ཕ་ཡུལ་ལ་བཅངས་པའི་བརྩེ་བ་དང་དུང་བ་སྦྲེལ་ཐག་བྱས་ཏེ། ཁེ་ལས་པ་དང་ཏང་སྲིད་ལས་བྱེད་པ། ཆེད་མཁས་ཡོན་ཏན་པ། སྨན་པ་དང་དགེ་རྒན། འཆར་འགོད་པ། བཟོ་བཀོད་པ། ཁྲིམས་རྩོད་པ། རྩལ་ནུས་འཇོན་མི་སོགས་འགུག་པར་རྒྱབ་སྐྱོར་བྱ་དགོས་ལ། གཞི་རིམ་དུ་སོང་ནས་དང་བླངས་པའི་འགན་འཁུར་བ་དང་མ་དངུལ་བཏང་ནས་ལས་རིགས་དར་སྤེལ་གཏོང་བ། སྡེ་བ་འགན་གཙང་ལེན་དང་ལས་གཞི་འགན་གཙང་ལེན། སྨན་པའི་ལས་གཉེར་པ་དང་སློབ་གྲྭ་བསྒྲུབ་པ། མ་དངུལ་དང་དངོས་པོས་ཞལ་འདེབས་འབུལ་བ། བཅའ་ཁྲིམས་ཀྱི་ཞབས་ཞུ་སྒྲུབ་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་ཞིང་སྡེ་དར་སྤེལ་དུ་གཏོང་བའི་ལས་དོན་ལ་ཞབས་ཞུ་བསྒྲུབ་དགོས། དོ་དམ་བྱེད་ཐབས་ལ་ཞིབ་འཇུག་གཏན་འབེབས་བྱས་ཏེ། ཆ་རྐྱེན་དང་འཚམ་པའི་གཞུང་དོན་ལས་སྒྲུབ་པ་ཕྱིར་ཕ་ཡུལ་དུ་ལོག་སྟེ་ལས་འགན་ཁུར་ཆོག་པར་བྱེད་པ་དང་། འཇོན་མི་སྔར་ལས་མང་པོ་དེང་རབས་ཞིང་ལས་ཁྲོད་ཞུགས་ནས། ཞིང་པ་གསར་པ་གསོ་སྐྱོང་བྱ་བར་ཡིད་འགུག་དགོས། བཟོ་ཚོང་མ་དངུལ་གྲོང་གསེབ་དར་སྤེལ་ཁྲོད་ཞུགས་པར་སྐུལ་མ་དང་ཁྲིད་སྟོན་བྱེད་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་མགྱོགས་མྱུར་ངང་གཏན་འབེབས་བྱས་ཏེ། དངུལ་བསྡུ་དངུལ་བསྐྱི་དང་ཆ་འགྲིག་སྒྲིག་བཀོད་འཛུགས་སྐྲུན་ལ་རོགས་དངུལ་སྟེར་བ། དཔྱ་ཁྲལ་འཕྲི་བའམ་མེད་པར་བཟོ་བ། བཀོལ་ས་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་ལག་བསྟར་དང་འཐུས་ཚང་དུ་གཏོང་བ་དང་། སྲིད་ཇུས་ཀྱི་མཐའ་མཚམས་གསལ་ཐག་ཆོད་པར་བྱས་ཏེ་ཞིང་པའི་ཁེ་ཕན་ལ་སྲུང་སྐྱོབ་ལེགས་པོ་བྱ་དགོས། བཟོ་ཚོགས་དང་གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས། ཚན་རྩལ་མཐུན་ཚོགས། དབང་པོ་སྐྱོན་ཅན་ལྷན་ཚོགས་སོགས་ཚོགས་པའི་རྩ་འཛུགས་ཀྱི་ལེགས་ཆ་དང་སྟོབས་ཤུགས་འདོན་སྤེལ་དང་། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་སོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ། ཞིང་སྡེའི་ཐོན་ལས་གོང་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གྲོང་གསེབ་ཀྱི་ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན། ཞིང་སྡེའི་ཉམས་ཞན་མང་ཚོགས་ལ་བྱམས་སྐྱོང་སོགས་བྱ་བར་རྒྱབ་སྐྱོར་བྱ་དགོས། གྲོང་གསེབ་དར་སྤེལ་གྱི“སྐྱེས་མའི་འགུལ་སྐྱོད”ལག་བསྟར་བྱས་ཏེ། གཞི་རིམ་དུ་སྐྱོད་པའི་རྩ་འཛུགས་དང་མི་སྣའི་དོ་དམ་ཞབས་ཞུ་ཤུགས་དྲག་ཏུ་བཏང་ནས། དེ་དག་གྲོང་གསེབ་དར་སྤེལ་གྱི་འཛུགས་སྐྲུན་རང་བཞིན་གྱི་སྟོབས་ཤུགས་སུ་འགྱུར་བར་བྱ་དགོས།

(ལྔ།)གྲོང་གསེབ་ཀྱི་འཇོན་མི་གསོ་སྐྱོང་དང་ནང་འདྲེན་བཀོལ་སྤྱོད་ཀྱི་ནང་རྐྱེན་གསར་གཏོད་བྱ་དགོས། 

རང་བདག་གིས་གསོ་སྐྱོང་དང་འཇོན་མི་ནང་འདྲེན་ཟུང་དུ་སྦྲེལ་བ་དང་། བསླབ་གནས་སློབ་གསོ་དང་ལག་རྩལ་གསོ་སྦྱོང་། ལག་ལེན་སྦྱོང་བརྡར་སོགས་རྣམ་པ་མང་པོ་མཉམ་སྤྱོད་ཀྱིས་མི་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་པའི་ནང་རྐྱེན་འཛུགས་དགོས། གྲོང་ཁྱེར་དང་གྲོང་གསེབ། ས་ཁོངས། སློབ་གྲྭ་དང་ས་གནས་བཅས་བར་དུ་འཇོན་མི་གསོ་སྐྱོང་མཉམ་འབྲེལ་དང་བརྗེ་རེས་ཀྱི་ནང་རྐྱེན་འཛུགས་དགོས། གྲོང་ཁྱེར་གྱི་སྨན་པ་དང་དགེ་རྒན། ཚན་རྩལ་རིག་གནས་པ་སོགས་ཀྱིས་དུས་ངེས་གཏན་སྒོས་གྲོང་གསེབ་ལ་ཞབས་ཞུ་སྒྲུབ་པའི་ནང་རྐྱེན་ཁྱོན་ཡོངས་ནས་འཛུགས་པ་དང་། གྲོང་ཁྱེར་གྱི་ཆེད་ལས་འཇོན་མི་གྲོང་གསེབ་དར་སྤེལ་ཁྲོད་ཞུགས་པར་སྐུལ་མ་གཏོང་བའི་སྲིད་ཇུས་ཞིབ་འཇུག་གཏན་འབེབས་བྱ་དགོས།

བཅུ་གཅིག དངུལ་གཏོང་དངུལ་བསྡུའི་ཐབས་ལམ་རྒྱ་བསྐྱེད་དེ་གྲོང་གསེབ་དར་སྤེལ་ཐད་དངུལ་གཏོང་བར་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས།

གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་ཏུ་བསྟར་བར་ངེས་པར་མ་དངུལ་གང་ནས་ཡོང་དགོས་པའི་གནད་དོན་ཐག་གཅོད་དགོས། དངུལ་གཏོང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དངུལ་གཏོང་དངུལ་བསྡུའི་ནང་རྐྱེན་གསར་སྐྲུན་བྱས་ཏེ། ནོར་སྲིད་ཀྱིས་སྔོན་ལ་འགན་སྲུང་དང་དངུལ་ལོར་གྱིས་གནད་སར་བཟུང་ནས་གཟིགས་སྐྱོང་། སྤྱི་ཚོགས་ཧུར་ཐག་སྒོས་ཞུགས་པའི་སྣ་མང་གི་དངུལ་གཏོང་གནས་བབ་མགྱོགས་མྱུར་ངང་ཆགས་པར་བྱས་ནས། དངུལ་གཏོང་གི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་དྲག་དང་སྤྱི་འབོར་བསྟུད་མར་ཇེ་མང་དུ་འགྲོ་བར་ཁག་ཐེག་བྱ་དགོས།

(གཅིག)ནོར་སྲིད་ཀྱིས་དངུལ་གཏོང་ཚད་བསྟུད་མར་འཕར་བ་ཁག་ཐེག་བྱ་དགོས། 

གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ཏུ་བསྟར་བར་ནོར་སྲིད་ཀྱིས་དངུལ་གཏོང་འགན་སྲུང་ལམ་ལུགས་འཐུས་ཚང་བར་འཛུགས་པ་དང་། སྤྱི་པའི་ནོར་སྲིད་ཀྱིས་སྔར་ལས་ཤུགས་ཆེན་པོས“ཞིང་གསུམ”ལ་གཟིགས་སྐྱོང་བྱས་ནས། ནོར་སྲིད་ཀྱིས་དངུལ་གཏོང་བ་དེ་གྲོང་གསེབ་དར་སྤེལ་གྱི་དམིགས་ཚད་ལས་འགན་དང་བསྟུན་ཐུབ་པ་ཁག་ཐེག་བྱ་དགོས། ནོར་སྲིད་ཀྱི་འདོན་སྤྲོད་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། ལས་རིགས་ནང་ཁུལ་དུ་མ་དངུལ་བསྡུ་རུབ་དང་ལས་རིགས་བར་དུ་མ་དངུལ་གཅིག་གྱུར་སྒོས་ཕན་ཚུན་སྦྲེལ་མཐུད་མཉམ་འབྲེལ་བྱ་བར་སྐུལ་འདེད་དང་། ས་གནས་རང་བདག་གིས་གཅིག་གྱུར་གྲབས་གཤོམ་གྱི་བར་སྟོང་ཇེ་ཆེར་བཏང་ནས། ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་གྱུར་སྒོས་བསྡུ་རུབ་བྱེད་པའི་ཡུན་ཕན་ནང་རྐྱེན་མགྱོགས་མྱུར་ངང་འཛུགས་དགོས། ནོར་སྲིད་མ་དངུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དངུལ་ལོར་དང་སྤྱི་ཚོགས་ཀྱི་མ་དངུལ་སྔར་ལས་མང་པོར་གྲོང་གསེབ་དར་སྤེལ་ཁྲོད་གཏོང་བར་ཡར་སྐུལ་བྱ་དགོས། རྒྱལ་ཡོངས་ཞིང་ལས་ཡིད་རྟོན་དངུལ་བུན་འགན་ལེན་མ་ལག་གི་བྱེད་ནུས་དངོས་གནས་འདོན་སྤེལ་བྱས་ཏེ། ནོར་སྲིད་ཀྱིས་འགན་ལེན་རིན་ཚད་ཁ་གསབ་སྟེར་བ་དང་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་སོགས་བརྒྱུད་ནས། གསར་བྱུང་གི་ཞིང་ལས་ཀྱི་བདག་གཉེར་གཙོ་གཞིར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྒྱལ་ཁབ་ཀྱི་དངུལ་བསྡུ་འགན་ལེན་ཐེབས་རྩ་མགྱོགས་མྱུར་ངང་བཙུགས་ཏེ། དངུལ་བསྡུ་བར་འགན་ལེན་དང་ཡིད་རྟོན་ཇེ་ཆེར་གཏོང་ནུས་ཇེ་དྲག་ཏུ་བཏང་སྟེ། དངུལ་ལོར་ཐོན་ཁུངས་མང་པོས་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པར་སྣེ་འཁྲིད་དགོས། ས་གནས་སྲིད་གཞུང་གིས་སྤྱིར་བཏང་གི་བུན་འཛིན་བཀྲམ་སྟེ་གྲོང་གསེབ་དར་སྤེལ་དང་དབུལ་ཐར་འགག་སྒྲོལ་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་པའི་སྤྱི་ཕན་རང་བཞིན་གྱི་ལས་གཞི་བསྐྲུན་པར་རྒྱབ་སྐྱོར་བྱ་དགོས། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་དོ་དམ་བཅོས་བསྒྱུར་ལ་བརྟན་འཇགས་ངང་སྐུལ་འདེད་བྱས་ཏེ། ས་གནས་སྲིད་གཞུང་གིས་ལས་གཞིར་དངུལ་བསྡུ་དང་ཁེ་འབབ་དོ་མཉམ་གཏོང་བའི་ཆེད་སྤྱོད་བུན་འཛིན་ཚོད་ལྟའི་སྒོ་ནས་འགྲེམ་པར་སྐུལ་མ་གཏོང་བ་དང་། ཆ་རྐྱེན་དང་མཐུན་ཞིང་ཁེ་འབབ་ཚད་ངེས་ཅན་ལྡན་པའི་གྲོང་གསེབ་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གཞི་བསྐྲུན་པར་རྒྱབ་སྐྱོར་བྱ་དགོས། ས་གནས་སྲིད་གཞུང་གི་བུ་ལོན་ལེན་པ་དང་དངུལ་བསྡུའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། གྲོང་གསེབ་དར་སྤེལ་གྱི་མིང་གཡར་ཏེ་ཁྲིམས་འགལ་སྲོལ་འགལ་གྱིས་རྣམ་པ་བསྒྱུར་ནས་བུ་ལོན་བླངས་མི་ཆོག

(གཉིས།)མ་དངུལ་བསྡུ་རུབ་ཀྱི་ཐབས་ལམ་རྒྱ་བསྐྱེད་དགོས། 

ས་ཞིང་ནང་བཤུག་བཏང་བའི་ཡོང་སྒོ་བཀོལ་སྤྱོད་ཁྱབ་ཁོངས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་སྟེ། ཞིང་ལས་དང་ཞིང་སྡེའི་ཐད་ལ་དངུལ་གཏོང་བའི་བསྡུར་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། བེད་སྤྱད་མེད་པའི་ས་ཞིང་གསར་སྦོལ་བྱེད་པར་ཚོད་འཛིན་ནན་མོ་བྱས་ཐོག སྟོབས་ཤུགས་གཅིག་བསྡུས་སྒོས་ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། རྨོ་ཞིང་འཛིན་སྤྱོད་དང་ཁ་གསབ་དོ་མཉམ་ཡོང་བར་དོ་དམ་བྱེད་ཐབས་ཇེ་ལེགས་སུ་བཏང་སྟེ། ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་སོགས་གསར་དུ་བསྣན་པའི་རྨོ་ཞིང་གི་དམིགས་ཚད་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་བྱེད་ས་སྣོན་འཕྲི་དང་སྦྲེལ་བའི་ལྷག་འཕྲོའི་དམིགས་ཚད་དེ་ཞིང་ཆེན་བརྒལ་ནས་སྙོམ་སྒྲིག་ནང་རྐྱེན་འཛུགས་དགོས་ཤིང་། ཁེ་ཕན་ཐོབ་པ་ཡོངས་རྫོགས་འགྲོ་སྒོའི་སྔོན་རྩིས་བརྒྱུད་དེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་སྲུང་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་དགོས། དོན་དག་རེ་ལ་གྲོས་རེ་དང་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ་སོགས་ཀྱི་རྣམ་པ་ཁྱབ་གདལ་དུ་བཏང་ནས། ཐད་ཀར་ཕན་ཁེ་ཐོབ་པའི་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ལ་ཞིང་པས་ངལ་བ་དང་རྩོལ་བ་སྤྱད་པར་སྐུལ་མ་བཏང་སྟེ། ཞིང་པ་སྔར་ལས་མང་པོ་འཛུགས་སྐྲུན་དང་ལྟ་སྐྱོང་ཁྲོད་དུ་ཞུགས་སུ་འཇུག་དགོས།

(གསུམ།)དངུལ་ལོར་གྱི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས། 

ཞིང་སྡེའི་དངུལ་ལོར་བཅོས་བསྒྱུར་དང་གོང་སྤེལ་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་དང་ཞིང་སྡེའི་ཁྱད་ཆོས་དང་མཐུན་པའི་ཞིང་སྡེའི་དངུལ་ལོར་མ་ལག་འཐུས་ཚང་དུ་འཛུགས་དགོས་པ་དང་། ཞིང་སྡེའི་དངུལ་ལོར་ལས་ཁུངས་འབྱུང་གཞིར་ཕྱིར་ལོག་པར་སྐུལ་འདེད་བཏང་ནས། དངུལ་ལོར་ཐོན་ཁུངས་སྔར་ལས་མང་པོ་ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་ཁྱབ་ཁོངས་གཙོ་བོ་དང་ཉམས་ཞན་སར་བཀོད་སྒྲིག་བྱས་ནས། གྲོང་གསེབ་དར་སྤེལ་ཕྱོགས་ཀྱི་སྣ་མང་ཅན་གྱི་དངུལ་ལོར་དགོས་མཁོ་སྔར་ལས་ལེགས་པོའི་སྒོ་ནས་བསྐང་དགོས། དངུལ་ལོར་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། དངོས་མིན་རྫུན་ཟོལ་ཕྱོགས་སུ་འགྲོ་བར་གཏན་འགོག་དང་། ཉེན་ཁར་ཚོད་འཛིན་དང་བཀག་འགོག་ནན་མོ་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བར་དངུལ་ལོར་གྱིས་ཞབས་ཞུ་སྒྲུབ་ནུས་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། གྲོང་གསེབ་དར་སྤེལ་གཏོང་བར་དངུལ་ལོར་གྱིས་ཞབས་ཞུ་སྒྲུབ་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་གང་མགྱོགས་སྒོས་འདོན་པ་དང་། ཀྲུང་གོའི་ཞིང་ལས་དངུལ་ཁང་དང་ཀྲུང་གོའི་སྦྲག་སྲིད་གསོག་འཇོག་དངུལ་ཁང་གི“ཞིང་གསུམ”དངུལ་ལོར་དོན་ལས་པུའུ་ཡིས་གྲོང་གསེབ་དར་སྤེལ་གཏོང་བར་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་ཀྲུང་གོའི་ཞིང་ལས་གོང་སྤེལ་དངུལ་ཁང་གིས་གྲོང་གསེབ་དར་སྤེལ་ཁྲོད་ཀྱི་འགན་འཁྲི་གཏན་འཁེལ་གསལ་པོར་བྱེད་པ་དང་། དངུལ་ལོར་གྱིས་ཞབས་ཞུ་སྒྲུབ་སྟངས་གསར་གཏོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། གྲོང་གསེབ་དར་སྤེལ་གཏོང་བར་དུས་ཡུན་རིང་འབྲིང་གི་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་ཆེན་པོ་བྱ་དགོས། ཞིང་སྡེའི་ཡིད་རྟོན་ཁང་དང་ཞིང་ཆེན་མཉམ་འབྲེལ་ཁང་གི་བཅོས་བསྒྱུར་ལ་སྐུལ་འདེད་བྱས་ཏེ། ཞིང་སྡེའི་ཡིད་རྟོན་ཁང་གི་རྫོང་ཁོངས་ཀྱི་ཁྲིམས་མིའི་གོ་གནས་དང་གྲངས་ཚད་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་རྒྱུན་འཁྱོངས་དང་། སྡེ་བ་དང་གྲོང་རྡལ་དངུལ་ཁང་གི་ཞུགས་འཐུས་ཆ་རྐྱེན་འཐུས་ཚང་དུ་བཏང་སྟེ། ས་གནས་ཁྲིམས་མིའི་དངུལ་ལོར་ལས་ཁུངས་ཀྱིས་གྲོང་གསེབ་དར་སྤེལ་ལ་ཞབས་ཞུ་ལེགས་པོ་བསྒྲུབ་དགོས། ཀུན་ཕན་དངུལ་ལོར་གྱིས་ཕན་གདགས་ཡུལ་གཙོ་བོ་གྲོང་གསེབ་ཏུ་འཇོག་པ་དང་། གསོག་དངུལ་མ་ཡིན་པའི་རིགས་ཀྱི་བུན་གཏོང་རྩ་འཛུགས་སྲོལ་ཡིག་འདོན་པར་སྐུལ་འདེད་དང་། དངུལ་ལོར་ལས་ཁུངས་ཀྱིས་གྲོང་གསེབ་དར་སྤེལ་ལ་ཞབས་ཞུ་བསྒྲུབ་པར་དཔྱད་ཞིབ་དང་དཔྱད་དཔོག་བྱེད་ཐབས་གཏན་འབེབས་བྱ་དགོས། ཆ་རྐྱེན་དང་མཐུན་པའི་ཞིང་ལས་དང་འབྲེལ་བའི་ཁེ་ལས་ཀྱིས་མ་རྐང་འཛིན་ཤོག་ཚོང་རར་འགྲེམ་པ་དང་པང་གསུམ་གསར་པའི་སྒོ་བྱང་འགེལ་བ། དངུལ་བསྡུ། མཉམ་ཉོ་བསྐྱར་སྒྲིག་བཅས་བྱ་བར་རྒྱབ་སྐྱོར་བྱེད་པ་དང་། ཞིང་ལས་ཐོན་རྫས་ཀྱི་དུས་ཟོང་དང་དུས་དབང་གི་ཚོང་ར་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ། “ཉེན་འགོག+དུས་ཟོང”གི་ཚོད་ལྟ་བརྟན་འཇགས་ངང་རྒྱ་བསྐྱེད་པ་དང་། “མངག་ཐོའི་ཞིང་ལས+ཉེན་འགོག+དུས་ཟོང(དབང)”གི་ཚོད་ལྟ་བྱེད་པར་འཚོལ་ཞིབ་བྱ་དགོས། ཞིང་སྡེའི་དངུལ་ལོར་ལ་ཁྱད་པར་ཡོད་པའི་སྒོ་ནས་ལྟ་སྐུལ་དོ་དམ་གྱི་མ་ལག་ཇེ་ལེགས་སུ་བཏང་ཐོག ས་གནས་སྲིད་གཞུང་གི་དངུལ་ལོར་ཉེན་ཁ་འགོག་ཟོན་ཐག་གཅོད་འགན་འཁྲི་ཤུགས་དྲག་ཏུ་གཏོང་དགོས།

བཅུ་གཉིས། ཏང་གིས“ཞིང་གསུམ”བྱ་བར་མགོ་འཁྲིད་པ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས།

གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ཏུ་བསྟར་བ་ནི་ཏང་དང་རྒྱལ་ཁབ་ཀྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ཏུ་བསྟར་བའི་དོན་སྙིང་གལ་ཆེན་ལ་ངོས་ཟིན་ཚད་ཇེ་མཐོར་བཏང་སྟེ། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ཏུ་བསྟར་རྒྱུ་དེ་ངེས་པ་དོན་གྱིས་དམིགས་བསལ་གྱི་གོ་གནས་སུ་བཞག་སྟེ། ཏང་གིས་གྲོང་གསེབ་བྱ་བར་དོ་དམ་བྱེད་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས།

(གཅིག)ཏང་གི་གྲོང་གསེབ་བྱ་བའི་མགོ་ཁྲིད་ཀྱི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། 

རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བཟོ་ལས་དང་ཞིང་ལས་མཉམ་དུ་འཛིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཞིང་ལས་ཞིང་སྡེ་དམིགས་བསལ་གྱིས་སྔོན་ལ་གོང་དུ་སྤེལ་བའི་རྩ་དོན་དེ་ཕྱོགས་སོ་སོ་ནས་མངོན་པར་བྱ་དགོས། ཏང་ཨུས་གཅིག་གྱུར་གྱིས་མགོ་ཁྲིད་དང་སྲིད་གཞུང་གིས་འགན་འཁུར་བ། ཏང་ཨུའི་གྲོང་གསེབ་བྱ་བའི་སྡེ་ཁག་གིས་གཅིག་གྱུར་འཆར་འགོད་སྒོས་མཐུན་སྦྱོར་བྱེད་པའི་གྲོང་གསེབ་བྱ་བའི་མགོ་ཁྲིད་ཀྱི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ཏུ་བསྟར་བའི་མགོ་ཁྲིད་ཀྱི་འགན་འཁྲི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་དང་ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་གིས་དོན་འཁྱོལ་འཛིན་པའི་བྱ་བའི་ནང་རྐྱེན་ལག་བསྟར་བྱ་དགོས། ཏང་སྲིད་ཀྱི་མགོ་ཁྲིད་དང་པོ་ནི་འགན་འཁུར་པ་དང་པོ་ཡིན་ལ། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་འཛིན་དགོས། རྫོང་ཨུའི་ཧྲུའུ་ཅིས་ཤུགས་ཆེན་པོས“ཞིང་གསུམ”བྱ་བ་ལེགས་པོར་བཟུང་སྟེ་གྲོང་གསེབ་དར་སྤེལ་གྱི“སྒྲུབ་རིམ་དང་པོའི་སྤྱིའི་བཀོད་འདོམས་པ”བཟང་པོ་ཞིག་བྱ་དགོས། སྡེ་ཁག་སོ་སོས་འགན་འཁྲི་ལྟར་བྱ་བའི་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། ཐོན་ཁུངས་རྒྱུ་རྐྱེན་གྱིས་རྒྱབ་སྐྱོར་དང་ལམ་ལུགས་འདོན་སྤྲོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཐོག མཐུན་སྦྱོར་གཞོགས་འདེགས་ལེགས་པོ་བྱས་ཏེ་གྲོང་གསེབ་དར་སྤེལ་བྱ་བའི་སྒྲིལ་ཤུགས་ཆགས་སུ་འཇུག་དགོས། རིམ་པ་སོ་སོའི་ཏང་ཨུས་ཞིང་སྡེ་བྱ་བའི་སྡེ་ཁག་འཛུགས་སྐྲུན་ལ་དངོས་སུ་ཤུགས་བསྣན་ཏེ།《ཀྲུང་གོ་གུང་ཁྲན་ཏང་གི་བྱ་བའི་ལས་ཁུངས་ཀྱི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》གི་འབྲེལ་ཡོད་གཏན་འཁེལ་ལྟར། ཏང་གི་གྲོང་གསེབ་བྱ་བའི་ལས་ཁུངས་ཀྱི་སྒྲིག་འཛུགས་དང་མི་སྣའི་བཀོད་སྒྲིག་བྱ་བ་ལེགས་པོར་བསྒྲུབ་པ་དང་། ཇུས་ཆོད་ལ་བློ་འདོན་དང་གཅིག་གྱུར་སྒོས་མཐུན་སྦྱོར། སྲིད་ཇུས་ལ་མཛུབ་སྟོན། དོན་འཁྱོལ་ལ་སྐུལ་འདེད། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱ་དགོས། ཞིང་ཆེན་(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར)སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལོ་རེར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ཏུ་བསྟར་བའི་འཕེལ་རིམ་ལ་སྐུལ་འདེད་བཏང་བའི་གནས་ཚུལ་སྙན་ཞུ་འབུལ་དགོས། གྲོང་ཁྱེར་དང་རྫོང་གི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་ཏུ་བསྟར་བར་སྐུལ་འདེད་བཏང་བའི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་ལམ་ལུགས་བཙུགསཏེ། དཔྱད་ཞིབ་མཇུག་འབྲས་དེ་མགོ་ཁྲིད་ལས་བྱེད་པ་འདེམ་བསྐོའི་གཞི་འཛིན་ས་གཙོ་བོ་བྱ་དགོས།

(གཉིས།)ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེའི་བྱ་བའི་སྲོལ་ཡིག་ཞིབ་འཇུག་གཏན་འབེབས་བྱ་དགོས། 

ཏང་གིས་བྱ་བ་མཐའ་དག་ལ་མགོ་འཁྲིད་པ་རྒྱུན་འཁྱོངས་བྱེད་པའི་བླང་བྱ་དང་དུས་རབས་གསར་པའི“ཞིང་གསུམ”བྱ་བའི་གནས་བབ་གསར་པ་དང་ལས་འགན་གསར་པ།བླང་བྱ་གསར་པ་བཅས་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེའི་བྱ་བའི་སྲོལ་ཡིག་ཞིབ་འཇུག་གཏན་འབེབས་བྱེད་པ་དང་། ཏང་གིས་ཞིང་སྡེའི་བྱ་བར་མགོ་ཁྲིད་པའི་སྲོལ་རྒྱུན་དང་བླང་བྱ། སྲིད་ཇུས་སོགས་ཏང་ནང་གི་ཁྲིམས་སྲོལ་གྱི་རྣམ་པའི་ཐོག་ནས་གཏན་འཁེལ་བྱས་ཏེ། ཞིང་སྡེའི་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པའི་མཛུབ་སྟོན་བསམ་བློ་དང་རྩ་དོན་བླང་བྱ། བྱ་བའི་ཁྱབ་ཁོངས་དང་གཏད་ཡུལ། ལས་འགན་གཙོ་བོ། ལས་ཁུངས་ཀྱི་འགན་འཁྲི། དཔུང་སྡེ་འཛུགས་སྐྲུན་སོགས་ངེས་གསལ་བྱེད་པ་དང་། མགོ་ཁྲིད་ཀྱི་སྒྲིག་སྲོལ་དང་བྱ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། གྲོང་གསེབ་དར་སྤེལ་འཐབ་ཇུས་ཕན་ཡོད་སྒོས་ལག་ཏུ་བསྟར་བར་ཁག་ཐེག་བྱ་དགོས།

(གསུམ།)“ཞིང་གསུམ”བྱ་བའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་དགོས། 

ཞིང་ལས་ཤེས་པ་དང་ཞིང་སྡེར་དུང་བ། ཞིང་པར་དགའ་ཞེན་ཡོད་པ་བཅས་རྩ་བའི་བླང་བྱ་བྱས་ཏེ། “ཞིང་གསུམ”བྱ་བའི་ལས་བྱེད་པའི་དཔུང་སྡེ་གསོ་སྐྱོང་དང་བསྐོ་འཇོག དོ་དམ། བཀོལ་སྤྱོད་བཅས་བྱ་བར་ཤུགས་བསྣན་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ལས་བྱེད་པ་གཙོ་བོས“ཞིང་གསུམ”བྱ་བ་ཤེས་པ་དང“ཞིང་གསུམ”བྱ་བ་འཛིན་ཤེས་དགོས་ལ། ལས་བགོས་འགན་གཉེར་གྱི་མགོ་ཁྲིད་པ་ནི“ཞིང་གསུམ”བྱ་བའི་ཆེད་མཁས་པ་ངོ་མར་འགྱུར་དགོས། གསོ་སྦྱོང་འཆར་གཞི་གཏན་འབེབས་བྱས་ཐོག་ལག་བསྟར་བྱས་ཏེ། “ཞིང་གསུམ”ལས་བྱེད་པའི་དཔུང་སྡེའི་ནུས་ཤུགས་དང་ཆུ་ཚད་ཁྱོན་ཡོངས་ནས་ཇེ་ཆེ་ཇེ་མཐོར་གཏོང་དགོས། རྫོང་རིམ་པའི“ཞིང་གསུམ”བྱ་བའི་སྡེ་ཁག་དང་ཞང་གྲོང་གི་ལས་བྱེད་པའི་ཡོང་ཁུངས་ཐབས་ལམ་གྱི་རྒྱ་བསྐྱེད་དགོས། ཞིང་སྡེའི་འཐབ་ཕྱོགས་དང་པོ་རུ་བྱ་བ་བསྒྲུབས་ནས་སྦྱོང་བརྡར་བྱེད་པ་དེ་ལས་བྱེད་པ་གསོ་སྐྱོང་གི་ཐབས་ལམ་གལ་ཆེན་དུ་འཛིན་པ་དང་། གྲུབ་འབྲས་ཕུལ་དུ་བྱུང་བའི་ལས་བྱེད་པ་བསྐོ་འཐེན་བྱ་རྒྱུར་དོ་སྣང་བྱས་ནས། འཇོན་མི་ཞིང་སྡེ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་ཕྱོགས་སུ་སྐྱོད་པའི་མི་བཀོལ་ཁྲིད་ཕྱོགས་ཆགས་པར་བྱ་དགོས།

(བཞི།) གྲོང་གསེབ་དར་སྤེལ་འཆར་འགོད་ཀྱི་སྣེ་ཁྲིད་བྱེད་ཤུགས་དྲག་ཏུ་གཏོང་དགོས། 

རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་འཐབ་ཇུས་འཆར་འགོད(2018ལོ་ནས2022ལོའི་བར)གཏན་འབེབས་བྱས་ཏེ། 2020ལོར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་དང2022ལོར་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་པའི་བར་གྱི་དམིགས་འབེན་ལས་འགན་ཐ་དད་དུ་ངེས་གསལ་བྱེད་པ་དང་། བྱ་བའི་གཙོ་གནད་དང་སྲིད་ཇུས་བྱེད་ཐབས་ཞིབ་ཚགས་ཅན་དང་དོན་དམ་ཅན་དུ་གཏོང་བ་དང་། བཟོ་འགོད་གལ་ཆེན་དང་འཆར་གཞི་གལ་ཆེན། འགུལ་སྐྱོད་གལ་ཆེན་འགའ་བཀོད་སྒྲིག་བྱ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གྲོང་གསེབ་དར་སྤེལ་གྱི་ས་གནས་འཆར་འགོད་དང་ཆེད་དོན་གྱི་འཆར་འགོད་དམ་ཇུས་གཞི་བཟོ་དགོས། འཆར་འགོད་རིགས་སོ་སོར་གཅིག་གྱུར་གྱིས་དོ་དམ་དང་མ་ལག་སྦྲེལ་མཐུད་ཐད་ཤུགས་བསྣན་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་ས་ཁོངས་གཞི་གཅིག་ཅན། འཆར་མང་གཅིག་སྒྲིལ་གྱི་འཆར་འགོད་མ་ལག་ཆགས་པར་བྱ་དགོས། འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་དང་དགོས་མཁོ་ལྟར་རིགས་བཀར་བ་ནས་གྲོང་གསེབ་དར་སྤེལ་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བྱ་དགོས་ཤིང་། ཆ་རྐྱེན་འཛོམས་པའི་སྡེ་བར་མཁར་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་དེ་ཞིང་སྡེའི་ཕྱོགས་སུ་བསྲིང་བར་སྐུལ་འདེད་བྱེད་པ་དང་། རང་བྱུང་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་སྡེ་བར་གཅིག་གྱུར་གྱིས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་སྒོས་སྲུང་སྐྱོབ་དང་གོང་སྤེལ་གཏོང་དགོས། འཚོ་གནས་ཆ་རྐྱེན་སྡུག་པོ་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པའི་སྡེ་བར་སྐྱེ་ཁམས་ཡུལ་མི་གནས་སྤོ་བྱེད་ཤུགས་ཆེ་རུ་གཏོང་དགོས།

(ལྔ།)གྲོང་གསེབ་དར་སྤེལ་ལ་ཁྲིམས་སྐྱོང་གིས་འགན་སྲུང་བྱེད་ཤུགས་དྲག་ཏུ་གཏོང་དགོས། 

གྲོང་གསེབ་དར་སྤེལ་བཅའ་ཁྲིམས་ཀྱི་འབྲེལ་ཡོད་བྱ་བ་དམ་འཛིན་གྱིས་ཞིབ་འཇུག་གཏན་འབེབས་བྱས་ཏེ། ལག་བསྟར་ཕན་ནུས་ལྡན་པའི་གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་ཁྲིམས་བཀོད་ཅན་དུ་བསྒྱུར་བ་དང་། གྲོང་གསེབ་དར་སྤེལ་ཁྲོད་དུ་ཁྲིམས་འཛུགས་ཀྱི་འགན་སྲུང་དང་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། འོས་འཚམ་མིན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་དུས་ཐོག་ཏུ་བཟོ་བཅོས་བྱེད་པའམ་མེད་པར་བཟོ་དགོས། འབྲུ་རིགས་ཉེན་མེད་བདེ་འཇགས་འགན་སྲུང་བཅའ་ཁྲིམས་འཛུགས་པར་སྐུལ་འདེད་གཏོང་དགོས། ས་གནས་སོ་སོས་རང་ས་གནས་ཀྱི་གྲོང་གསེབ་གོང་སྤེལ་གྱི་དགོས་མཁོ་དངོས་ལ་གཞིགས་ནས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ས་གནས་སྲིད་གཞུང་གི་སྒྲིག་སྲོལ་གཏན་འབེབས་བྱ་དགོས་པ་དང་། གྲོབ་གསེབ་ཀྱི་སྡོམ་རྩིས་བྱ་བ་དང་གཞི་གྲངས་གསར་སྤེལ་བཀོལ་སྤྱོད་བྱ་བར་ཤུགས་བསྣན་དགོས།

(དྲུག)གྲོང་གསེབ་དར་སྤེལ་གྱི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་དགོས། 

ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཐོག ཏང་གི་གྲོང་གསེབ་དར་སྤེལ་གྱི་བྱེད་ཕྱོགས་སྲིད་ཇུས་དང་ས་གནས་སོ་སོའི་ལག་ལེན་ཕུན་སུམ་ཚོགས་པ་དྲིལ་སྒྲོག་བྱས་ཏེ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྙིང་སྟོབས་བསྐྱེད་དགོས། གྲོང་གསེབ་དར་སྤེལ་གྱི་ཆེད་མཁས་པའི་ཇུས་ཆོད་འདྲི་རྟོག་ལམ་ལུགས་བཙུགས་ཏེ། རིག་མཛོད་རྩ་འཛུགས་བྱས་ཏེ་གཞུང་ལུགས་ཞིབ་འཇུག་ལ་ཤུགས་བསྣན་དགོས། གྲོང་གསེབ་དར་སྤེལ་ཐད་ནས་རྒྱལ་སྤྱིའི་བར་འབྲེལ་འདྲིས་དང་མཉམ་ལས་བྱ་བར་སྐུལ་འདེད་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་ཀྲུང་གོའི་གཏམ་རྒྱུད་ལེགས་པོར་འཆད་པ་དང་། འཛམ་གླིང་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་འགོད་ཀྱི་བྱས་རྗེས་འཇོག་དགོས།

ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། དཀའ་ངལ་གདོང་གིས་བསུས་ཏེ་མདུན་དུ་སྐྱོད་པ་དང་སྙིང་རུས་ཆེར་བསྐྱེད་སྒོས་བྱ་བ་སྒྲུབ་པ། གསར་གཏོད་ཁྲོད་ཡར་རྒྱས་བརྩོན་ལེན་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་རླབས་པོ་ཆེ་ལེན་པར་བྱས་རྗེས་གསར་པ་འཇོག་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།