ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོ་མཇུག་སྒྲིལ་ཚོགས་འདུའི་ཐོག་གི་གསུང་བཤད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2018ལོའི་ཟླ3པའི་ཚེས15ཉིན)ཝང་དབྱང་གིས།

ཨུ་ཡོན་དང་བློ་མཐུན་རྣམ་པ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་ཀྲུང་གུང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་དང་འབྲེལ་ཡོད་ཕྱོགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཨུ་ཡོན་ཡོངས་ཀྱི་ཐུན་མོང་འབད་བརྩོན་བརྒྱུད། གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་རྒྱུ་རེད།

ད་ཐེངས་ཀྱི་ཚོགས་འདུ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པའི་འགག་རྩའི་དུས་སྐབས་སུ་འཚོགས་པ་ཞིག་རེད། ཚོགས་འདུའི་རིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་ཚོགས་ཆེན་གྱི་འགོ་འཛུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཞུགས་པ་དང་རིགས་ཁོངས་ཀྱི་ཚོགས་ཆུང་ཁག་ཏུ་ཕེབས་ནས་ཨུ་ཡོན་ཚོ་དང་ལྷན་དུ་ཐུན་མོང་ཐོག་རྒྱལ་དོན་གླེང་གནང་བ་རེད། རྒྱ་ཆེའི་ཨུ་ཡོན་ཚོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ཐོག་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གཞན་དག་ལ་གྲོས་བསྡུར་ཟབ་མོ་གནང་བ་དང་། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་དང་ལྟ་ཞིབ་བཅའ་ཁྲིམས་ཀྱི་མ་ཟིན་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞིར་གྲོས་བསྡུར་གནང་བ། རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་སྲིད་གྲོས་ཀྱི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་སོགས་ཡིག་ཆར་གྲོས་ཞིབ་ནན་ཏན་གནང་ནས་འགན་བསྒྲུབ་དང་ཇུས་གཞི་བཏོན་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། དེ་ནི་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པ་དེ་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་གང་ལེགས་མངོན་ཡོད།

ཨུ་ཡོན་ཚོས་ཡིད་ཆེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་བདམས་ཏེ་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྲུབ་ཡོད། སྐབས་གསར་པའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་སྐབས་རིམ་བྱུང་གི་རྒྱལ་ཡོངས་སྲིད་གྲོས་ཀྱིས་བཏིང་བའི་རྨང་གཞི་བཟང་པོའི་ཐོག་ལས་དོན་སྤེལ་རྒྱུ་ཡིན། འདས་ཟིན་པའི་ལོ་ལྔའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བློ་མཐུན་ཡུས་ཀྲེང་ཧྲེང་གི་གཙོ་སྐྱོང་དང་སྣེ་ཁྲིད་འོག་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པས་རྒྱུན་འཛིན་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་གསར་གཏོད་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབས་ཏེ་ལས་ཀའི་རྣམ་པ་གསར་པ་ཞིག་བཏོད་ཡོད། ང་ཚོས་བློ་མཐུན་ཡུས་ཀྲེང་ཧྲེང་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་ཡོངས་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།

འདི་ལོ་ནི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པས་ལས་འགན་སྒྲུབ་པའི་འགོ་ཚུགས་ལོ་ཞིག་བཅས་ཡིན། དམིགས་ཚད་ཇི་ཙམ་རླབས་ཆེན་ཡིན་ན་ལས་འགན་དེ་ཙམ་གྱིས་དཀའ་ཚེགས་ཆེ་བ་ཡོད་པས་དེ་བས་ཀྱང་མི་སེམས་གཅིག་སྒྲིལ་དང་ངོས་འཛིན་གཅིག་མཐུན་ཡོང་བ་དང་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ལས་དོན་ཁག་ལ་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་ལ་བརྩིས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཐའ་འཁྱོངས། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་དུས་རབས་གསར་པ་དང་ལག་གདང་སྦྲེལ་ནས་བཀོད་སྒྲིག་གསར་པ་དོན་འཁྱོལ་བྱེད་པ་དང་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ལྷག་བསམ་རྣམ་དག་ངང་འགན་འཁྲི་གཙང་སྒྲུབ་བྱས་ཏེ་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ཀྱི་ལམ་ལུགས་ཤིག་དང་། ཀྲུང་གོ་གུང་ཁྲན་ཏང་དང་། ཀྲུང་གོ་མི་དམངས་དང་དམངས་གཙོ་ཏང་ཤོག་ཁག ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་རླབས་ཆེན་གྱི་ཆབ་སྲིད་གསར་གཏོད་ཞིག་ཡིན་ལ་ཀྲུང་གོའི་ས་གཞི་གཤིན་པོ་ནས་འཚར་ལོངས་བྱུང་བའི་སྲིད་ཏང་ལམ་ལུགས་གསར་པ་ཞིག་ཀྱང་ཡིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཞེས་པའི་བརྗིད་ཉམས་ལྡན་པའི་མིང་ཚིག་ལས་དེའི་ངོ་བོ་དང་ནུས་པ་གསལ་པོ་གཏན་འཁེལ་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པས་འགན་འཁྲི་སྒྲུབ་ཉེར་ཡོད་པའི་སྐབས་སུ་ང་ཚོས་ངེས་པར་དུ་དང་ཐོག་ནས་མིང་ཚིག་དེ་ཡང་དག་ངང་རྟོགས་པ་བྱ་རྒྱུ་དེའང་ལམ་ལུགས་དེས་ང་ཚོར་དཀྲིས་པའི་འགན་འཁྲི་ཡིན།

མི་དམངས་སྲིད་གྲོས་ནི་ཆབ་སྲིད་ཀྱི་རྩ་འཛུགས་ཡིན་པས་ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས། མི་དམངས་སྲིད་གྲོས་བཙུགས་པའི་ཉིན་ནས་བཟུང་མངོན་གསལ་དོད་པའི་ཆབ་སྲིད་རང་བཞིན་ལྡན་ཡོད། དེ་བཙུགས་པ་ལས་རང་རྒྱལ་གྱི་དམངས་གཙོ་ཏང་ཤོག་ཁག་དང་རིགས་ཁོངས་ཁག་དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་བདམས་པ་བརྗིད་ཉམས་ལྡན་པའི་སྒོ་ནས་ཁྱབ་བསྒྲགས་བྱས་ཡོད། ལོ་བདུན་ཅུ་ཙམ་གྱི་ལག་ལེན་གྱི་ཐོག་ནས་གདམ་ག་དེ་ནི་ཡང་དག་ཞིག་ཡིན་པ་ར་འཕྲོད་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ང་ཚོར་གཞི་ནས་ཀྲུང་གོའི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་རྒྱལ་ཁ་ཐོབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཡོད་པས་ང་ཚོས་གཞི་ནས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གསར་པ་མངོན་འགྱུར་ཐུབ་པ་དང་། དུས་རབས་གསར་པ་དང་མི་རིགས་བསྐྱར་དར་ཕྱོགས་སུ་བསྐྱོད་ཐུབ་པ་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཡིན་ལ་ཀྲུང་གོའི་ཆབ་སྲིད་ཆེ་ཤོས་ཀྱང་ཡིན། དར་ཆ་གསལ་སྟོན་ངང་ཆབ་སྲིད་ལ་སྣང་ཆེན་བྱེད་པ་ནི་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་བླང་བྱ་ཡིན་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་མི་དམངས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ཡར་ཐོན་ཡོང་བའི་གཞི་རྩའི་ཆབ་སྲིད་ཀྱི་འགན་ལེན་ཞིག་ཡིན་ལ་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱིས་ངེས་པར་དུ་སྲུང་བརྩི་ཞུ་དགོས་པའི་གཞི་རྩའི་ཆབ་སྲིད་ཀྱི་རྩ་དོན་ཡང་ཡིན། ང་ཚོས་མི་དམངས་སྲིད་གྲོས་ནང་ཞུགས་པའི་ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་འཛིན་པའི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་དུང་གི་མོས་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་བཏང་ནས་རང་རྟོགས་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ལེན་བྱེད་པ་དང་། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནས་བབ་སྲུང་སྐྱོང་། རང་རྟོགས་ངང་ཀྲུང་གུང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་། འགྲོ་ལམ་དང་། ལམ་ལུགས། དར་ཆ། ཁ་ཕྱོགས་སོགས་དང་འབྲེལ་བ་ཡོད་པའི་གཞི་རྩའི་གནད་དོན་ཐད་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། གོམ་སྟབས་གཅིག་གྱུར་བཅས་ཡོང་བ་བྱས་ཏེ་མི་དམངས་སྲིད་གྲོས་བྱ་གཞག་གི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་དེ་ཉིད་དུས་རབས་གསར་པར་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་མིའི་རིགས་ཀྱི་ཆབ་སྲིད་ཤེས་དཔལ་གྱི་ཡར་ཐོན་ཆེད་ཀྲུང་གོའི་བློ་གྲོས་དང་ཇུས་གཞི་སྐྱེས་སུ་འབུལ་དགོས།

མི་དམངས་སྲིད་གྲོས་ནི་མི་དམངས་དམངས་གཙོའི་ལམ་ལུགས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་མི་དམངས་ལྟེ་བར་བྱས་ནས་རང་འགན་གཙང་སྒྲུབ་བྱེད་དགོས། ཀྲུང་གོ་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་ཞིག་རེད་ལ་མི་དམངས་སྲིད་གྲོས་ཀྱི་ཐོག་མའི་བསམ་འདུན་དང་ལས་འགན་ཞིག་ཀྱང་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་བཀོད་སྒྲིག་དང་མི་དམངས་ཀྱི་དམངས་གཙོའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་མི་དམངས་སྲིད་གྲོས་ནང་ཏང་ཤོག་ཁག་དང་། ཚོགས་པ་ཁག མི་རིགས་ཁག རིམ་པ་ཁག རིགས་ཁོངས་ཁག་བཅས་ཀྱི་མི་སྣ་གཅིག་ཏུ་བསྡུས་པས་རྒྱ་ཁྱབ་ཀྱི་འཐུས་མིའི་རང་བཞིན་དང་བསྟུན་མཁས་རང་བཞིན་ཆེན་པོ་ལྡན་ཡོད་པ་མ་ཟད། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་སྟོབས་འབྱོར་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཡོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱིས་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱ་རྒྱུ་དེ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ཤུགས་རྒྱག་ས་གལ་ཆེན་ཞིག་ལ་བརྩིས་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་གནད་དོན་གལ་ཆེན་ལ་དམ་འཛིན་བྱས་ནས་རྒྱལ་སྲིད་སྐྱོང་རྒྱུར་ཕན་པའི་ཐབས་དང་ཇུས་འདོན་པ་དང་། ཏང་དང་སྲིད་གཞུང་ལ་རམ་འདེགས་བྱས་ནས་དམངས་འཚོའི་དཀའ་གནད་སེལ་བ། མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་མི་དམངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་དགོས་ཞེས་ནན་བཤད་གནང་ཡོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་2158དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ནང་ཞུགས་མཁན་དང་ལག་ལེན་པར་གྱུར་པ་དེ་ནི་གཟི་བརྗིད་རེད་ལ་འགན་འཁྲི་ཞིག་དེ་བས་རེད། སེམས་ནང་མི་དམངས་ཡོད་ན་གཞི་ནས་ཀྲུང་གོ་གུང་ཁྲན་ཏང་གི་བླང་བྱ་དོན་འཁྱོལ་ཡག་པོ་ཐུབ་ནས་དམངས་གཙོའི་དབང་ཆ་ཡང་དག་ངང་སྤྱོད་པ་དང་འགན་སྒྲུབ་ལས་དོན་ཡག་པོ་སྒྲུབ་ཐུབ། ཨུ་ཡོན་ཚང་མས་ངེས་པར་དུ་སེམས་ཤུགས་ཡོད་རྒུས་འགན་འཁྲི་བསྒྲུབ་རྒྱུ་ནི་མི་དམངས་ལ་འགན་འཁུར་བ་ཞིག་དང་ལམ་ལུགས་ལ་བརྩི་འཇོག་བྱས་པ་ཞིག་ཡིན་པ་ངོས་འཛིན་ཐུབ་པ་བྱེད་དགོས། ང་ཚོས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཕྱོགས་མཚམས་གསར་པ་དང་སྤྱི་ཚོགས་ཀྱི་འགལ་ཟླ་དང་འགྱུར་ལྡོག་གཙོ་བོར་གཞིས་ཚུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོར་དམ་པོར་དམིགས་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམ་པོར་དམིགས་པ། ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་སྐབས་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་དམ་པོར་དམིགས་པ། ཉེན་ཁ་ཆེན་པོར་དོགས་ཟོན་དང་སེལ་རྒྱུ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་དམིགས་པ། རང་གི་འཇོན་ཐང་འདོན་པ་དང་རང་གི་ནུས་པ་བཏོན་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོ་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་བྱས་ཏེ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་པ་དེ་བས་མང་བ་དང་དེ་བས་དྲང་སྙོམས་ངང་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

མི་དམངས་སྲིད་གྲོས་ནི་ཆེད་དོན་གྲོས་མོལ་སྒྲིག་གཞི་ཞིག་ཡིན་པས་ངེས་པར་དུ་དམ་པ་དོན་གཉེར་གྱིས་གྲོས་མོལ་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། མི་དམངས་སྲིད་གྲོས་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞི་ཞིག་ཡིན། གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་། རིམ་པ་མང་བ། ལམ་ལུགས་ཅན་བཅས་སུ་འཕེལ་རྒྱས་ཕྱིན་ནས་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་རྒྱུར་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་བཏོད་ཡོད། ལོ་བདུན་བཅུ་ཙམ་གྱི་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལག་ལེན་ལས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་ཆེའི་ཉམས་མྱོང་མཁོ་འདོན་བྱས་ཡོད། བརྩེ་སེམས་ཀྱིས་འཕྱུག་པ་དང་འཇོན་ཐང་ལྡན་པའི་ཕྱོགས་ཁག་གི་ཤེས་ལྡན་མི་སྣ་སྲིད་གྲོས་ནང་འཛོམས་ནས་ང་ཚོས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྨང་གཞི་བཟང་པོ་ཞིག་བཏིང་ཡོད། སྲིད་གྲོས་ནི་དབང་ཆའི་ལས་ཁུངས་ཤིག་མིན་པས་སྲིད་ཞུགས་བྱེད་པ་ལས་སྲིད་འཛིན་མི་བྱེད་པ་དང་། ཐབས་འདོན་པ་ལས་ཇུས་ཐག་མི་གཅོད་པ། ལྟ་སྐུལ་བྱེད་པ་ལས་བཙན་ཤེད་མི་བྱེད་པར་གཙོ་བོ་གྲོས་མོལ་བརྒྱུད་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད། ནུས་པ་དེ་ཁ་ནས་བཤད་པ་ཙམ་མིན་པར་དོན་དངོས་དང་མཐུན་པ་ཞིག་དགོས། དོན་དངོས་དང་མཐུན་པ་ཞིག་དགོས་ཞེས་པ་ནི་ཕྱི་རོལ་ཡུལ་གྱི་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པའི་བསམ་འཆར་དང་གྲོས་འགོ་འདོན་ཐུབ་པ་བྱེད་དགོས། དེ་འདྲ་བྱེད་པར་དམ་པ་དོན་གཉེར་གྱི་ནུས་པ་དང་ཆུ་ཚད་ལྡན་དགོས། སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་65འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་སྲིད་གྲོས་ཨུ་ཡོན་ཡག་པོ་ཞིག་བྱེད་པའི་གཞི་རྩའི་སློབ་གཞིར་བརྩི་བ་དང་འབྲེལ་སྲིད་གྲོས་ལས་དོན་གྱི་འབྲེལ་ཡོད་ལས་སྒོའི་ཤེས་བྱ་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་གྲོས་མོལ་དམངས་གཙོའི་རྩ་དོན་དང་། དོན་སྙིང་གལ་ཆེན། བྱ་ཐབས་བཅས་ཁོང་དུ་ཆུད་པ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གྲོས་མོལ་ནང་ཞུགས་པའི་བསམ་བློའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་བྱེད་མཁས་པོ་བྱས་ཏེ་སྲིད་གྲོས་ཀྱི་ཤེས་ལྡན་མི་སྣའི་རིག་སྟོབས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། བརྟག་ཞིབ་ཀྱི་གཏིང་ཚད་དང་ཁྱབ་རྒྱའི་ཐད་ཤུགས་སྣོན་རྒྱག་པ། གྲོས་འགོར་གྲོས་མོལ་བྱེད་པའི་གནས་ཚུལ་དང་། གྲུབ་རྐྱེན། ཁ་གཏད་འཇལ་ཐབས་བཅས་གསལ་པོ་ཤེས་པ་བཅས་བྱས་ནས་རང་ཉིད་ལ་གྲོས་མོལ་ནང་ཞུགས་པའི་གཏམ་བཤད་སྤེལ་དབང་དངོས་འབྲེལ་ལྡན་པ་བྱེད་དགོས། ལག་ལེན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། གྲོས་མོལ་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་བ། གྲོས་མོལ་གྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ། གྲོས་མོལ་བྱེད་པའི་འཇོན་ཐང་དང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོས་མོལ་དམངས་གཙོའི་ཆ་ཚང་བའི་ལམ་ལུགས་ཀྱི་བརྒྱུད་རིམ་དང་ཞུགས་པའི་ལག་ལེན་ཧུར་ཐག་གྲུབ་པ་བྱེད་དགོས། གྲོས་མོལ་དམངས་གཙོའི་ཁོར་ཡུག་གཏོད་དེ་དམ་པ་དོན་གཉེར་གྱི་བྱ་སྤྱོད་ལ་བསྟོད་བསྔགས་གཏོང་བ་དང་དམ་པ་དོན་གཉེར་གྱི་བསམ་འཆར་ལ་མཐོང་ཆེན་བྱས་ནས་དམ་པ་དོན་གཉེར་བྱ་རྒྱུ་དེ་མི་དམངས་སྲིད་གྲོས་ཀྱི་དར་སྲོལ་དུ་འགྱུར་བ་བྱེད་དགོས། གྲོས་མོལ་དམངས་གཙོར་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ཚང་མས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་ཐུབ་པ་བྱེད་དགོས།

ཨུ་ཡོན་དང་བློ་མཐུན་རྣམ་པ།

ཟླ3པའི་ཚེས11ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད། རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་དང་། རྒྱལ་སྐྱོང་བདེ་འགོད་ཀྱི་སྤྱིའི་སྒྲིག་ཡིག ཀྲུང་གོ་གུང་ཁྲན་ཏང་དང་རྒྱལ་ཡོངས་མི་དམངས་ཀྱི་འདུན་པ་གཅིག་སྡུད་ཐོག་མཚོན་པ་བཅས་ཡིན། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་སྲུང་སྐྱོང་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བཅས་ཀྱི་ཆེད་དུ་རྩ་ཁྲིམས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། མི་དམངས་སྲིད་གྲོས་ཀྱིས་བྱ་སྤྱོད་ཐམས་ཅད་ལ་རྩ་ཁྲིམས་དེ་རྩ་བའི་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་འགན་འཁྲི་བསྒྲུབ་པ་དང་ལས་དོན་སྤེལ་བ་དང་། རྩ་ཁྲིམས་ལ་གོང་བཀུར་དང་། སློབ་སྦྱོང་། བརྩི་སྲུང་། སྲུང་སྐྱོང་། བེད་སྤྱོད་བཅས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་དགོས།

ཨུ་ཡོན་དང་བློ་མཐུན་རྣམ་པ།

ད་ལྟ་ཚོགས་ཆེན་ཐོག་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་དང་གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་གྲོས་ཀྱི་སྒྲིག་ཡིག་ནི་ང་ཚོས་འདི་ལོ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་དོན་ཡག་པོ་སྒྲུབ་པའི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། ལྷག་པར་དུ་ཤོད་དགོས་པ་ཞིག་ནི། གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་གྲོས་ཀྱི་སྒྲིག་ཡིག་ནང“ཨུ་ཡོན”སྐོར་གྱི་ས་བཅད་ཅིག་གསར་དུ་བསྟན་པ་དེའི་ནང་ཨུ་ཡོན་ཚོས་འགན་འཁྲི་བསྒྲུབ་རྒྱུ་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པས། ཚང་མས་གསར་དུ་བཟོ་བཅོས་བརྒྱབ་པའི་སྒྲིག་ཡིག་ལག་བསྟར་གྱི་ལོ་དང་པོར“ཨུ་ཡོན་གྱི་ལས་དོན”ཡག་པོ་སྒྲུབས་ནས་ཕྱི་ལོའི་ཚོགས་ཆེན་ལ་འབྱོར་ཐོ་འགོད་སྐབས་གྲོས་གཞི་ཡག་པོ་ཞིག་འདོན་ཐུབ་རྒྱུ་དང་། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་རང་འགན་གཙང་སྒྲུབ་ཀྱི་སྙན་ཞུ་ཡག་པོ་ཞིག་འབུལ་རྒྱུའི་རེ་བ་ཡོད།

ཨུ་ཡོན་རྣམ་པ་དང་བློ་མཐུན་རྣམ་པ།

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ད་ཆ་ང་ཚོ་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་དམིགས་ཚད་དང་སྔར་བས་ཐག་ཉེ་རུ་སོང་བ་དང་། ཡིད་ཆེས་དང་ནུས་པ་སྔར་བས་ཆེ་རུ་སོང་ཡོད། དུས་རབས་གསར་པར་བྱས་རྗེས་གསར་པ་འཇོག་རྒྱུའི་འབོད་སྐུལ་བྱས་ནས་མི་དམངས་སྲིད་གྲོས་ཀྱིས་ཐུན་མོང་དམིགས་ཡུལ་གྱི་མཐུན་ཆ་ཆེ་ཤོས་བཙལ་ཏེ་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོས་ཀུན་སེམས་གཅིག་ཏུ་སྒྲིལ་བ། གྲོས་མོལ་དམངས་གཙོས་དྲང་ནུས་ཆེ་ཤོས་གཅིག་ཏུ་སྒྲིལ་བ། སྒྱུར་བཅོས་གསར་གཏོད་ཀྱིས་ལས་ཀའི་གསོན་ཤུགས་འཕེལ་བར་བྱེད་པ་བཅས་བྱས་ནས་ཏང་ཤོག་དང་། མི་རིགས། རིམ་གྲས། དད་སེམས་བཅས་མི་འདྲ་བའི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་སེམས་པ་གཅིག་ཏུ་བསྒྲིལ་ནས་མེས་རྒྱལ་གཅིག་གྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཆེས་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་ཞིག་ཆགས་རྒྱུར་གཞོལ་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།